19
Fri, Apr

༢༠༡༩ལོའི་ཟླ་༥་ཚེས་༥་ཉིན་༸གོང་ས་མཆོག་དབུ་བཞུགས་ཐོག་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་དབུ་འཛུགས་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༥་ཚེས་༥་ཉིན། སྤྱི་ནོར་༸གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགོངས་པ་མྱ་ངན་ལས་འདས་ནས་མི་ལོ་ཧྲིལ་པོ་༦༠༠འཁོར་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་དེ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་དབུ་འཛུགས་གནང་སོང་།

དེ་ཡང་། དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་འདི་ནི་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ནས་གོ་སྒྲིག་གནང་ཡིན་པ་དང་། དེ་ནི་འདི་ལོ་རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པའི་ཁྲོད་ཀྱི་ལས་གཞི་ཞིག་ཀྱང་ཡིན་འདུག བགྲོ་གླེང་གི་ཐོག་ཆོས་རྒྱུད་ཁག་གི་མཁས་པ་དང་གཞན་མཁས་པ་མང་པོ་ཞིག་ཕེབས་ནས་ཉིན་གསུམ་རིང་བགྲོ་གླེང་གནང་རྒྱུ་ཡིན་འདུག

དེ་རིང་སྔ་དྲོའི་ཕྱག་ཚོད་༨པའི་ཐོག་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོའི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་ནས་༧ཞབས་སོར་བདེ་འཁོད་གྲུབ་མཚམས་མཁན་རིན་པོ་ཆེ་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུ་སོང་བ་དང་། དེའི་རྗེས་དབུ་མཛད་ལགས་ནས་རྒྱུན་ཆགས་གསུམ་པ་དང༌། ༧རྒྱལ་བའི་འཁྲུངས་རབས་གསོལ་འདེབས།ལམ་གཙོ་རྣམ་གསུམ། པཎ་གྲུབ་བསྟོད་ཆེན་བཅས་ཞལ་འདོན་གནང་སོང་།

དེ་ནས་རྣམ་རྒྱལ་གྲྭ་ཚང་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ནས་རྗེས་དྲན་བགྲོ་གླེང་ཆེན་མོའི་དགོས་དམིགས་དང་འབྲེལ་བའི་ཐོག་ཏུ་གསུང་བཤད་གནང་མཚམས། རྣམ་རྒྱལ་གྲྭ་ཚང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ནས་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་གི་བརྗོད་གཞི་དང༌། གསུང་བཤད་པ། གཙོ་སྐྱོང་བ། ཉིན་རེའི་མཛད་རིམ། ཟུར་ཉན་ཚོགས་ཞུགས་པའི་གྲུབ་ཆ་བཅས་ཀྱི་སྐོར་ངོ་སྤྲོད་གནང་སོང་། དེའི་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་རྗེས་་དབུ་འབྱེད་མཛད་སྒོ་ལེགས་པར་གྲུབ་སོང་།

བགྲོ་གླེང་ཉིན་གཉིས་པའི་སྔ་དྲོའི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པ་ཆེ་མཆོག་ནས་ཐོག་མར་དུས་འཁོར་དང་འབྲེལ་བའི་ཐོག་ཏུ་བཀའ་སློབ་གསུང་བཤད་བཀའ་དྲིན་ཆེ་རྒྱུ་དང་། བགྲོ་གླེང་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་བགྲོ་གླེང་དང་འབྲེལ་བའི་གསུང་བཤད་གནང་རྒྱུ་ཡིན་འདུག

དེ་ཡང་བགྲོ་གླེང་ཉིན་དང་པོའི་གཙོ་སྐྱོང་བ་ནི། རག་རྡོ་བློ་བཟང་བསྟན་འཛིན་མཆོག ལྷ་རམས་པ་ཐབས་མཁས་བློ་གྲོས་ལགས། ལྷ་རམས་པ་ངག་དབང་སངས་རྒྱས་ལགས། ལྷ་རམས་པ་དགེ་འདུན་ཆོས་འཕེལ་ལགས་བཅས་ཡིན་ཞིང་།
གསུང་བཤད་པ་དང་བརྗོད་གཞི་ཁག་ནི་གཤམ་གསལ་ལྟར་རོ།།

༡༽དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་།དགེ་བཤེས་ལྷ་རམས་པ་མཁས་གྲུབ་ནོར་བཟང་ལགས།བརྗོད་གཞི། དཔལ་གསང་བ་འདུས་པའི་སྐབས་ནས་གསུངས་པའི་རྩ་རླུང་ཐིག་ལེའི་རྣམ་གཞག་དང་། དུས་འཁོར་སྐབས་ནས་གསུངས་པའི་རྩ་རླུང་ཐིག་ལེའི་དབར་གྱི་ཁྱད་པར་སྐོར་ལ་གསུང་བཤད་གནང་རྒྱུ།

༢༽རྒྱལ་བ་ཇོ་ནང་པ། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་ཆོས་ཀྱི་སྣང་བ། བརྗོད་གཞི། ཇོ་ནང་མཁས་པས་སྦྱོར་དྲུག་ཉམས་ལེན་ཇི་ལྟར་གནང་གི་ཡོད་མེད་དང་། སྦྱོར་དྲུག་གི་སྐབས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་དང་། སྟོང་གཟུགས་འཆར་སྟངས་ཀྱི་རིམ་པའི་སྐོར་ལ་གསུང་བཤད་གནང་རྒྱུ།

༣༽དགའ་ཤར་ཐོས་བསམ་ནོར་གླིང་གྲྭ་ཚང་། དགེ་བཤེས་ལྷ་རམས་པ་བློ་བཟང་སྦྱིན་པ་ལགས། བརྗོད་གཞི། རྗེ་བདག་ཉིད་ཆེན་པོས་དཔལ་དུས་ཀྱི་འཁོར་ལོར་གསན་བསམ་ཇི་ལྟར་མཛད་མིན་དང༌། ཁོང་གིས་མཛད་པའི་དུས་འཁོར་གྱི་གཞུང་ཇི་ཡོད།དེ་དག་ལ་དམིགས་བསལ་ཁྱད་ཆོས་གང་དག་ལྡན་མིན་སྐོར་ལ་གསུང་བཤད་གནང་རྒྱུ།

༤༽སྒྲུབ་པ་བཀའ་བརྒྱུད།དཔལ་སྤུངས་ཤེས་རབ་གླིང་གི་རྩིས་དགེ་ངག་དབང་ལགས། བརྗོད་གཞི། བཀའ་བརྒྱུད་ནང་དུས་འཁོར་ཇི་ལྟར་དར་འཕེལ་བྱུང་མིན་དང་། ད་ལྟའི་གནས་བབ།བཀའ་བརྒྱུད་མཁས་པས་ས་དགེ་སོགས་ལུགས་གཞན་དང་མི་འདྲ་བའི་དུས་འཁོར་སྐོར་ལ་གཞུང་བཟང་ཁྱད་པར་གང་དག་གསར་གཏོད་མཛད་ཡོད་མེད་ཀྱི་སྐོར་ལ་གསུང་བཤད་གནང་རྒྱུ།

༥༽སྔ་འགྱུར་རྙིང་མ།སྨོན་ལམ་ཚིག་མཛོད་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་མཆོག བརྗོད་གཞི། འཇུ་མི་ཕམ་རིན་པོ་ཆེས་དུས་འཁོར་ལ་གསན་བསམ་ཇི་ལྟར་གནང་ཚུལ་དང༌། ཁོང་གིས་མཛད་པའི་དུས་འཁོར་འགྲེལ་ཆེན་གྱི་ཁྱད་ཆོས་དང་དེའི་བཞེད་མཚམས་མི་འདྲ་བའི་སྐོར་སོགས་ལ་གསུང་བཤད་གནང་རྒྱུ།

༦༽སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་། དགེ་བཤེས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག བརྗོད་གཞི། དཔལ་གསང་བ་འདུས་པའི་སྐབས་སུ་གསུངས་པའི་སྦྱོར་དྲུག་དང་། དུས་འཁོར་སྦྱོར་དྲུག་གཉིས་ཀྱི་དབར་འདྲ་བའི་ཆ་དང་། མི་འདྲ་བའི་ཆ་གང་དག་ཡོད་མེད་སྐོར་སོགས་ལ་གསུང་བཤད་གནང་རྒྱུ།

༧༽དཔལ་ལྡན་ས་སྐྱ་པ།རྫོང་པའི་མཁན་རིན་པོ་ཆེ་འཇམ་དཔལ་ཆོས་འཛིན་མཆོག བརྗོད་གཞི།དཔལ་ས་སྐྱ་བའི་ཁྲོད་དུ་དུས་འཁོར་ཇི་ལྟར་དར་འཕེལ་བྱུང་མིན་དང་། ད་ལྟའི་གནས་བབ།རྡུལ་ཚོན་དཀྱིལ་འཁོར་དང་འབྲེལ་ནས་ཆོ་ག་ཕྱག་ལེན་གནང་སྲོལ་ཡོད་མེད་སོགས་ལ་གསུང་བཤད་གནང་རྒྱུ།

བགྲོ་གླེང་ཉིན་གཉིས་པའི་གཙོ་སྐྱོང་བ་ནི་མཁན་པོ་ཀུན་དགའ་འཚམས་ཆུང་ལགས། ལྷ་རམས་པ་འཇིགས་མེད་རྒྱ་མཚོ་ལགས། རྩིས་རམས་པ་བསྟན་འཛིན་སྙན་གྲགས་ལགས། དཀའ་ཆེན་བསྟན་འཛིན་དོན་གྲུབ་ལགས་བཅས་ཡིན་ཞིང་།
གསུང་བཤད་པ་དང་བརྗོད་གཞི་ཁག་ནི་གཤམ་གསལ་ལྟར་རོ།།

༡༽བགྲོ་གླེང་ཉིན་གཉིས་པའི་སྔ་དྲོའི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པ་ཆེ་མཆོག་ནས་ཐོག་མར་དུས་འཁོར་དང་འབྲེལ་བའི་ཐོག་ཏུ་བཀའ་སློབ་གསུང་བཤད་བཀའ་དྲིན་ཆེ་རྒྱུ།

༢༽དཔལ་ལྡན་སྨད་རྒྱུད་གྲྭ་ཚང་།དགེ་བཤེས་ལྷ་རམས་པ་བློ་བཟང་འབྲུག་གྲགས་ལགས།བརྗོད་གཞི། དཔལ་གསང་བ་འདུས་པའི་སྐབས་ནས་གསུངས་པའི་སྒྱུ་ལུས་དང༌། དུས་འཁོར་སྐབས་ནས་གསུངས་པའི་སྟོང་གཟུགས་ཀྱི་ཁྱད་པར་དང༌། དེ་དག་གི་དགོས་པ་དང་རང་རང་གི་ངོ་བོ་དང་རྒྱུ་འབྲས་ཇི་ཡིན་སོགས་ཀྱི་སྐོར་ལ་གསུང་བཤད་གནང་རྒྱུ།

༣༽སེར་བྱེས་མཁས་སྙན་གྲྭ་ཚང་། དགེ་བཤེས་ལྷ་རམས་པ་ཐབས་མཁས་བློ་གྲོས་ལགས། བརྗོད་ཞི། དུས་འཁོར་ནས་འཇིག་རྟེན་འདིའི་ཐོག་མའི་གྲུབ་གཞི་དེ་སྟོང་པའི་རྡུལ་དུ་འདོད་ཅིང་།དེ་དང་དེང་དུས་ཀྱི་ཚན་རིག་གིས་བཤད་པའི་འཇིག་རྟེན་ཐོག་མའི་གྲུབ་སྟངས་སོགས་ལ་འདྲ་བའི་ཆ་དང་མི་འདྲ་བའི་ཆ།དེ་དག་སོ་སོའི་ཁྱད་ཆོས་སྐོར་ལ་གསུང་བཤད་གནང་རྒྱུ།

༤༽ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང༌། མཁས་དབང་རག་རྡོ་བློ་བཟང་བསྟན་འཛིན་མཆོག། བརྗོད་གཞི།དུས་འཁོར་ཀྱི་གཞུང་ནས་གསུངས་པའི་མངལ་དུ་ཕྲུ་གུའི་ལུས་ཕུང་གྲུབ་སྟངས་དང་། དེང་དུས་ཚན་རིག་གི་བྱིས་པ་མངལ་དུ་ཆགས་རིམ་དབར་མི་འདྲ་བའི་ཁྱད་པར་སོགས་ལ་གསུང་བཤད་གནང་རྒྱུ།

༥༽སྐུ་བཅར་རྣམ་རྒྱལ་གྲྭ་ཚང་།སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས། བརྗོད་གཞི། དུས་འཁོར་ཤམྦྷ་ལ་དང་འཕགས་བོད་དུ་ཇི་ལྟར་དར་འཕེལ་བྱུང་ཚུལ་དང་། ༧རྒྱལ་དབང་རིམ་བྱོན་གྱིས་གསན་བསམ་ཉམས་བཞེས་ཇི་ལྟར་མཛད་ཚུལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དུ་དུས་འཁོར་གསར་འཛུགས་དང་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་གནང་སྲོལ་སྐོར་ལ་གསུང་བཤད་གནང་རྒྱུ།།

༦༽མཁས་མང་བློ་གསལ་གླིང་གྲྭ་ཚང་།དགེ་བཤེས་ལྷ་རམས་པ་ངག་དབང་སངས་རྒྱས་ལགས། བརྗོད་གཞི། དཔལ་དུས་ཀྱི་འཁོར་ལོའི་སྐབས་སྦྱང་གཞི་སྐྱེ་ཤི་བར་དོ་གཉིས་ལས་བར་དོ་སྦྱོང་མི་དགོས་པ་དང་། གསང་འདུས་སོགས་སུ་སྐྱེ་ཤི་བར་དོ་གསུམ་ག་སྦྱོང་དགོས་པའི་རྒྱབ་ལྗོངས་ཀྱི་དགོས་པ་རྒྱུ་མཚན་སོགས་ཀྱི་ཐད་ལ་གསུང་བཤད་གནང་རྒྱ།

༧༽དགའ་བྱང་ཐོས་བསམ་ནོར་གླིང་གྲྭ་ཚང་། དགེ་བཤེས་ལྷ་རམས་པ་དགེ་འདུན་ཆོས་འཕེལ་ལགས། བརྗོད་གཞི། བླ་མེད་ཀྱི་རིམ་གཉིས་སྐོར་རྒྱུད་སྡེ་སྤྱི་དང་བྱེ་བྲག་གི་བསྐྱེད་རིམ་གྱི་སྦྱང་གཞི་གཙོ་བོ་ཐ་མལ་པའི་སྣང་ཞེན་གཉིས་ཇི་ལྟར་བྱས་ཏེ་སྦྱོང་དགོས་མིན་དང༌། རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་ངེས་པར་སྔོན་དུ་འགྲོ་དགོས་མིན་གྱི་རྒྱུ་མཚན་སྐོར་གསུང་བཤད་གནང་རྒྱུ།

༨༽དཔལ་ཞ་ལུ་དགོན་པ།རྒན་སྦྱིན་པ་ལེགས་ཚོགས་ལགས། བརྗོད་གཞི། བུ་སྟོན་ཐམས་ཅད་མཁྱེན་པས་དཔལ་དུས་ཀྱི་འཁོར་ལོའི་ཐོག་གསན་བསམ་ཉམས་བཞེས་ཇི་ལྟར་མཛད་ཡོད་མེད་དང་། དུས་འཁོར་དང་འབྲེལ་བའི་ལེགས་བཤད་གང་དག་ལྗགས་རྩོམ་མཛད་མིན། ཞ་ལུ་དགོན་དུ་དཔལ་དུས་ཀྱི་འཁོར་ལོའི་ཐུན་མིན་གྱི་ཕྱག་ལེན་དང་། རྒྱུན་འཛིན་ཇི་ལྟར་གནང་སྲོལ་སྐོར་ལ་གསུང་བཤད་གནང་རྒྱུ།

བགྲོ་གླེང་ཉིན་གསུམ་པའི་གཙོ་སྐྱོང་བ་ནི་ལྷ་རམས་པ་མཁས་གྲུབ་ནོར་བཟང་ལྷགས། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོགམཁན་པོ་ཆོས་གྲགས་རྒྱ་མཚོ་ལགས། ལྷ་རམས་པ་བློ་བཟང་སྦྱིན་པ་ལགས་བཅས་ཡིན་ཞིང་།གསུང་བཤད་པ་དང་བརྗོད་གཞི་ཁག་ནི་གཤམ་གསལ་ལྟར་རོ།།

༡།སྒྲུབ་པ་བཀའ་བརྒྱུད། འབོ་དཀར་བཤད་གྲྭའི་མཁན་པོ་ཆོས་གྲགས་རྒྱ་མཚོ་མཆོག བརྗོད་གཞི། བཀའ་བརྒྱུད་པའི་ནང་དཔལ་དུས་ཀྱི་འཁོར་ལོའི་གར་ཐིག་དབྱངས་གསུམ་སོགས་ཀྱི་ཕྱག་ལེན་ས་དགེ་སོགས་ལུགས་གཞན་གྱི་ཕྱག་ལེན་དང་མི་འདྲ་བའི་ཆ་གང་དག་ཡོད་མེད་སྐོར་ལ་གསུང་བཤད་གནང་རྒྱུ།

༢༽རྒྱལ་བ་ཇོ་ནང་པ།མཁན་པོ་ཀུན་དགའ་འཚམས་ཆུང་ལགས།བརྗོད་གཞི། སྤྱིར་དུས་འཁོར་སྦྱོར་དྲུག་གི་བྱུང་རིམ་དང༌།བྱེ་བྲག་ཇོ་ནང་ནང་ཇི་ལྟར་དར་ཁྱབ་བྱུང་མིན་སྐོར་སོགས་ལ་གསུང་བཤད་གནང་རྒྱུ།

༣༽བཀྲ་ཤིས་སྒོ་མང་གྲྭ་ཚང་།དགེ་བཤེས་ལྷ་རམས་པ་འཇིགས་མེད་རྒྱ་མཚོ་ལགས།བརྗོད་གཞི།རྫོགས་རིམ་གྱི་སྐབས་སུ་བཤད་པའི་ཟུང་འཇུག་གི་དགོས་པ་མཐར་ཐུག་དང་། སྐབས་འདིར་མི་འགྱུར་བའི་བདེ་བའི་ཡེ་ཤེས་ལས་རྒྱ་དང་ཡེ་རྒྱ་གཉིས་ལ་བརྟེན་ནས་མིན་པར་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་སྐྱེ་དགོས་པའི་རྒྱབ་ལྗོངས་རྒྱུ་མཚན་སྐོར་ལ་གསུང་བཤད་གནང་རྒྱུ།

༤༽སྐུ་བཅར་རྣམ་རྒྱལ་གྲྭ་ཚང་།དུས་འཁོར་ཉམས་ཞིབ་པ་བསྟན་འཛིན་དགའ་བ་ལགས། བརྗོད་གཞི།སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་དཀྱིལ་འཁོར་གྱི་ཁུངས་གང་ལ་གཏུགས་ཀྱི་ཡོད་མེད་དང་། དཀྱིལ་འཁོར་གྱི་དགོས་པ།ལུགས་གཞན་དང་མི་འདྲ་བའི་ཁྱད་པར་སོགས་ཀྱི་སྐོར་ལ་གསུང་བཤད་གནང་རྒྱུ།

༥༽བོད་ཀྱི་སྨན་རྩིས་ཁང་། རྩིས་རམས་པ་བསྟན་འཛིན་སྙན་གྲགས་ལགས། བརྗོད་གཞི། དུས་འཁོར་གྱི་གཞུང་ནས་གསུངས་པའི་གོ་ལའི་ཁྱིམ་རྒྱུད་ཀྱི་གྲུབ་སྟངས་དང༌། སྐར་རྩིས་ཀྱི་བྱུང་རིམ། བོད་ཟླ་གསུམ་པར་དུས་འཁོར་གྱི་ལོ་འགོ་བརྩི་སྲོལ་གྱི་རྒྱབ་ལྗོངས་དང་དགོས་པ་སོགས་ལ་གསུང་བཤད་གནང་རྒྱུ།།

༦༽ཆོས་སྡེ་བཀྲ་ཤིས་ལྷུན་པོ།དཀའ་ཆེན་བསྟན་འཛིན་དོན་གྲུབ་ལགས།བརྗོད་གཞི།ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་དཔལ་དུས་ཀྱི་འཁོར་ལོའི་ཐོག་གསན་བསམ་ཉམས་བཞེས་ཇི་ལྟར་མཛད་ཡོད་མེད་དང་། དུས་དབང་སྨིན་སྩོལ་ཇི་ཙམ་གནང་མིན །དུས་འཁོར་དང་འབྲེལ་བའི་ལེགས་བཤད་གང་དག་བརྩམས་མིན།དེ་དག་ལ་དམིགས་བསལ་གྱི་ཁྱད་ཆོས་གང་དག་ལྡན་མིན་སོགས་ཀྱི་སྐོར་ལ་གསུང་བཤད་གནང་རྒྱུ།

ཀ༽སྔ་འགྱུར་རྙིང་མ། བརྗོད་གཞི་། སྔ་འགྱུར་རྙིང་མའི་ནང་དཔལ་དུས་ཀྱི་འཁོར་ལོ་ཇི་ལྟར་དར་འཕེལ་བྱུང་མིན་དང་། མཁས་པ་གང་དག་བྱོན་མིན།ད་ལྟའིགནས་བབ། རྡུལ་ཚོན་དཀྱིལ་འཁོར་འབྲི་བཞེངས་དང་འབྲེལ་བའི་ཆོ་ག་ཕྱག་ལེན་ཕྱི་ནང་སྲོལ་ཡོད་མེད་སྐོར་

དང༌། ཁ༽དཔལ་ལྡན་ས་སྐྱ་པ།བརྗོད་གཞི།དཔལ་ལྡན་ས་སྐྱ་པའི་མཁས་པས་དུས་འཁོར་གྱི་བསྟན་པར་མཛད་རྗེས་ཇི་ལྟར་འཇོག་གནང་མཛད་ཡོད་མེད་དང༌། མཁས་པ་གང་དག་བྱོན་མིན།དེ་དག་གིས་དུས་འཁོར་སྐོར་ལ་བཞེད་ཚུལ་ཐུན་མོང་མ་ཡིན་པ་གང་དག་ཡོད་མེད་སྐོར།༼  ཀ་ཁ་རྟགས་ཅན་གྱི་གསུང་བཤད་པ་ཕེབས་མ་ཐུབ།༽

བགྲོ་གླེང་གི་མཇུག་བསྡོམས་མཛད་སྒོའི་མཛད་རིམ།

༡༽བགྲོ་གླེང་གསུང་བཤད་པའི་ཁྲོད་ནས་སྔ་འགྱུར་རྙིང་མ་དང༌།དཔལ་ལྡན་ས་སྐྱ།སྒྲུབ་པ་བཀའ་བརྒྱུད།རི་བོ་དགེ་ལྡན་པ།རྒྱལ་བ་ཇོ་ནང་པ་བཅས་ཀྱི་འཐུས་མི་རེ་ནས་དགོངས་ཚུལ་སྐར་མ་༥རེ་གསུང་བཤད་གནང་རྒྱུ། ཟུར་ཉན་པའི་དགོན་སྡེ་ཁག་གི་འཐུས་མི་གཅིག་དང༌།བཙུན་དགོན་ཁག་གི་འཐུས་མི་གཅིག མཐོ་སློབ་ཁག་གི་འཐུས་མི་གཅིག་བཅས་ནས་དགོངས་ཚུལ་སྐར་མ་༥རེ་གསུང་བཤད་གནང་རྒྱུ།

༢༽དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོའི་བགྲོ་གླེང་གསུང་བཤད་གནང་མཁན་གྱི་མཁས་དབང་རྣམ་པར་གཟེངས་བསྟོད་ཕྱག་ཁྱེར་དང་། ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས། དེ་བཞིན་ཟུར་ཉན་པ་རྣམས་ལ་དྲན་རྟེན་ཕྱག་རྟགས་བཅས་འབུལ་ལམ་ཞུ་རྒྱུ།

༤༽བགྲོ་གླེང་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་བགྲོ་གླེང་དང་འབྲེལ་བའི་གསུང་བཤད་གནང་རྒྱུ།

༥༽སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཁྲིམས་བདག་དགེ་བསྐོས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྒྱུ།

༦༽དབུ་མཛད་ལགས་ནས་རིས་མེད་བསྟན་རྒྱས་སྨོན་ལམ་དང་།དུས་འཁོར་སྨོན་ཤིས་བཅས་གསུང་བསྐུལ་གནང་སྟེ་མཛད་སྒོ་ལེགས་པར་འགྲུབ་རྒྱུ་ཡིན་འདུག