16
Tue, Apr

༢༠༡༩ལོའི་ཟླ་༤་ཚེས་༢༥་ཉིན་བཞུགས་སྒར་ནས་༸པཎ་ཆེན་དགུང་ལོ་༣༠ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་ ༤ ཚེས་ ༢༥ ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་༣༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་། ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་མཛད་འཕྲིན་ལ་བཀའ་དྲིན་རྗེས་དྲན་གྱི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་སོང་།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇའི་སིངྒ་མཆོག་ ( Mr Ajay Singh ) དང་། དམིགས་བསལ་སྐུ་མགྲོན་ཀིརྟི་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་སྔགས་ཆེན་རིན་པོ་ཆེ་བསྟན་འཛིན་ཚུལ་ཁྲིམས་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། རྡ་ས་གཡས་གཡོན་དུ་ཡོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་སེར་སྐྱ་མི་མང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཛོམས་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་སོང་།

མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་སྐབས། བོད་ཀྱི་ཟློས་གར་ཚོགས་པ་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་། རྒྱ་གར་རྒྱལ་གླུ་བཅས་ཕུལ་གནང་སོང་།

དེ་ནས་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་སྔགས་ཆེན་རིན་པོ་ཆེ་བསྟན་འཛིན་ཚུལ་ཁྲིམས་མཆོག་ནས་དུས་ཆེན་དང་འབྲེལ་གསུང་བཤད་གནང་དོན། དེ་རིང་ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་ པོ་༧རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་བོ་མཆོག་དགུང་གྲངས་ ༣༠ ཐམ་པར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོར་ང་ཚོ་གཞིས་བྱེས་གདན་ས་བཀྲ་ཤིས་ལྷུན་པོའི་ལྷ་སྡེ་མི་སྡེ་ཡོངས་ནས་སྒོ་གསུམ་གུས་པ་ཆེན་པོའི་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་ནས་ལག་ཟུང་ཐལ་མོ་སྙིང་ཁར་ཟུམ་ཏེ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

འདི་ནི་བོད་ཀྱི་བླ་ཆེན་གཅིག་གི་ཡང་སྲིད་བརླགས་པའི་གནད་དོན་གཅིག་པོ་མ་ཡིན་པར། དོན་དངོས་ཐོག་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་མོས་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཚད་ལས་ བརྒལ་བའི་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་གསལ་པོ་བྱེད་ཀྱི་ཡོད། ད་དུང་རྒྱ་ནག་གཞུང་གིས་འབྱུང་འགྱུར་རྒྱལ་བའི་ཡང་སྲིད་བརྩད་འཚོལ་སྐོར་ལ་ད་ལྟ་ནས་ཧམ་སེམས་བཅངས་ཏེ་དངོས་ཡོད་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་འདི་དག་ནི། དོན་དངོས་ཐོག་ད་ལྟ་ཕྱི་དངོས་པོའི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱ་ནག་རྒྱལ་ཁབ་ཀྱི་མིང་གྲགས་དང་ཁེ་ཕན་ལ་ཏན་ཏན་གནོད་ངེས་རེད། ང་ཚོས་གཞུང་དྲང་དང་རང་དབང་གི་སྒོ་ནས་བདེན་དོན་རྩོད་རྒྱུར་ད་བར་འབད་བརྩོན་དང་ཡིད་ཆེས་བྱེད་བཞིན་ཡོད་པ་དང༌། ད་དུང་མུ་འཐུད་ཇི་སྲིད་བདེན་དོན་མ་བསལ་བར་དུ་དེ་སྲིད་བདེན་དོན་རྩོད་རྒྱུ་ནམ་ཡང་མཚམས་འཇོག་བྱེད་རྒྱུ་མིན། མཐའ་དོན་༧རྒྱལ་མཆོག་ཡབ་སྲས་རྣམ་གཉིས་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང༌། རྣམ་དཀར་ མཛད་འཕྲིན་གོང་ནས་གོང་འཕེལ་ཡོང་བ་དང༌། བོད་དོན་གྱི་བདེན་མཐའ་མྱུར་དུ་བསལ་བའི་སྨོན་འདུན་ཞུ་ཞེས་གསུངས།

དཔལ་ལྡན་སྲིད་སྐྱོང་མཆོག་ནས་བཀའ་ཤག་གི་གསུང་བཤད་གནང་དོན། ད་རིང་ནི་རྒྱལ་བ་འོད་དཔག་མེད་ཀྱི་རྣམ་སྤྲུལ་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་སུམ་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོ་ཡིན། དེ་རིང་གི་ཉིན་མོ་ནི་སྤྱིར་བོད་མི་ཡོངས་ནས་དགའ་སྤྲོ་གནང་འོས་པའི་ཉིན་མོ་ཞིག་ཡིན་ནའང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་བརྟེན་ནས་བོད་མི་ཚོས་དགའ་སྤྲོ་བྱ་རྒྱུའི་ཚབ་ཏུ་བློ་ཕམ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་ཅེས་དང་། གཞན་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་མཆོག་གི་མཛད་པ་འཕྲིན་ལས་སྐོར་དང་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཡང་སྲིད་ངོས་འཛིན་གནང་རྗེས་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཡོད་པའི་སྐོར་སོགས་གསུངས་གནང་རྗེས། མཐའ་མར་རྒྱལ་སྤྱིའི་ལྡིངས་ཆའི་སྟེང་རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་ཡོད་ཅེས་ཡང་ནས་ཡང་དུ་བརྗོད་ཀྱི་ཡོད་པ་སོང་། གལ་ཏེ་དེ་དངོས་བདེན་ཡིན་ཚེ། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་རྒྱལ་སྤྱིའི་མི་མང་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ཀུན་གཟིགས་༸པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་གཏོང་ཐབས་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིནཞེས་གསུངས་སོང་།

དེའི་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་བོད་མི་མང་སྤྱི་འཐུས་ཀྱི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨ་ཇའི་སིངྒ་ (Mr Ajay Singh Mankotia) མཆོག་ནས་ (The Panchen Lama Lineage) ཞེས་པའི་ཨིན་ཡིག་དཔེ་དེབ་དབུ་འབྱེད་གནང་འདུག དེའི་རྗེས་དམིགས་བསལ་སྐུ་མགྲོན་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་མཆོག་ནས་གསུང་བཤད་གནང་བ་མ་ཟད། སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨ་ཇའི་སིངྒ་མཆོག་ (Mr Ajay Singh) ནས་གསུང་བཤད་གནང་སོང་།

མཐའ་མ་དེར། བོད་ཀྱི་ཟློས་གར་ཚོགས་པ་དང་བོད་ཁྱིམ་སློབ་ནས་བྱིས་པ་བཅས་ནས་གཞས་སྣ་འཁྲབ་སྟོན་གནང་རྗེས་མཛད་སྒོ་དངོས་སུ་གྲོལ་སོང་།