18
Thu, Apr

ནེའུ་ཛི་ལན་ཊི་ལ་༸གོང་ས་མཆོག་གིས་ཐུགས་སྨོན་གསུང་འཕྲིན་གནང་འདུག པར། རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༣་ཚེས་༢༡ཉིན། བཞུགས་སྒར་རྡ་སར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནེའུ་ཛི་ལན་ཊི(New Zealand)་ཡི་སྲིད་བློན་ཇ་སེན་ཌ་ཨར་ཌན་(Jacinda Ardern) མཆོག་ལ་ཉེ་ཆར་རྒྱལ་ཁབ་དེའི་ནང་དྲག་སྤྱོད་པ་ཞིག་གིས་མེ་མདའ་བརྒྱབས་ནས་མི་མང་པོ་ཤིས་རྨས་བྱུང་ཡོད་པའི་གནས་ཚུལ་ཐོན་པར་ཐུགས་ཕམ་པ་བྱུང་ཡོད་སྐོར་དང། འདས་གྲོངས་སུ་ཕྱིན་པའི་མི་རྣམས་ལ་བསྔོ་སྨོན་གསོལ་འདེབས་དང་། མི་དེ་ཚོའི་ནང་མི་དང་གྲོགས་པོ། དེ་བཞིན་རྒྱལ་ཁབ་དེའི་མི་མང་ལ་སྲིད་བློན་བརྒྱུད་ནས་ཐུགས་གསོའི་གསུང་འཕྲིན་གནང་འདུག

༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ནང་གསུང་དོན། ངོས་ཁྱེད་ཀྱི་སྙིང་སྟོབས་དང་ཤེས་རབ། དེ་བཞིན་དབུ་ཁྲིད་གནང་སྟངས་དེར་ཡིད་སྨོན་བྱེད་ཀྱི་ཡོད། དེ་དག་ནི་ཁྱེད་ཀྱིས་དྲག་སྤྱོད་པའི་མི་དེ་ཟུར་དུ་བཞག་སྟེ། རྐྱེན་ངན་བྱུང་བའི་མི་རྣམས་ནི་རྒྱལ་ཁབ་དེའི་ནང་མི་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་ལས་མངོན་ཡོད། ཁོང་གིས་མུ་མཐུད་ནས་གསུང་དོན། ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཡིན་ཙང་། ང་ཚོས་ཁོང་ཚོར་སེམས་ཁུར་བྱེད་དགོས། ངོས་གང་དུ་འགྲོ་ཡི་ཡོད་ནའང་། ངོས་ནི་འཛམ་གླིང་མི་མང་ཐེར་འབུམ་བདུན་ཡོད་པའི་ནང་ནས་མི་གཅིག་ཡིན་པ་བསམས་ཀྱི་ཡོད་ཅེས་དང་།

མི་དེ་ཚོས་ཆོས་མིང་འཁྱེར་ནས་གསོད་རེ་དང་རྙོག་དྲ་བྱེད་ཀྱི་ཡོད་པ་ང་ཚོས་མཐོང་དུས་བསམ་ཡུལ་ལས་འདས་པ་དེ་འདྲ་འདུག དེར་བརྟེན། ངོས་ཀྱི་འགྲོ་བ་མི་གཅིག་མཚུངས་ཡིན་པའི་གོ་རྟོགས་སྤེལ་ཐབས་བྱེད་པའི་དམ་བཅའ་བཞག་ཡོད། སྤྱི་འགྲོ་བ་མིའི་རིགས་ཚང་མ་གཅིག་པ་ཡིན་པ་དང་། ནང་སེམས་དང་ཕྱིའི་གཟུགས་པོ། དེ་བཞིན་སེམས་ཚོར་ཚང་མ་གཅིག་པ་ཡིན།

ངོས་ཀྱིས་ཁྱེད་དང་ནེའུ་ཛི་ལན་ཊི་མི་མང་གིས་ཁ་ཆེའི་མི་སེར་ལ་བྱམས་བརྩེ་དང་རྒྱབ་སྐྱོར་གནང་སྟངས་དེར་བསྔགས་བརྗོད་ཡོད། ཆོས་ལུགས་འདྲ་མིན་གྱི་མི་རིགས་རྣམས་ཁ་ཆེའི་ལྷ་ཁང་དུ་ཕེབས་ནས་ཁ་ཆེའི་རྐྱེན་ངན་བྱུང་བའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་བྱས་པ་དེ་ནི་འཛམ་གླིང་ནང་མི་མང་ཚོར་སེམས་ཤུགས་འཕེར་དགོས་པ་ཞིག་རེད་ཅེས་གསུངས་འདུག

༸གོང་ས་མཆོག་གིས་མཐའ་མར། ཁྱེད་ཀྱི་སྲིད་གཞུང་གིས་མེ་མདའ་ཁྲིམས་གཞིར་བསྐྱར་བཅོས་བྱ་རྒྱུ་ཡིན་པ་དེས། ཞི་བདེ་དང་བདེ་འཇགས་ལ་ཞབས་འདེགས་བསྒྲུབས་ཡོད་པ་མ་ཟད། ཁྱེད་ཀྱིས་ཁོང་ཁྲོ་ལ་གདོང་ལེན་བྱས་ནས་སྙིང་རྗེའི་ས་བོན་ཡང་བཏབ་ཡོད་ཅེས་གསུངས་འདུག