16
Mon, Dec

༸གོང་ས་མཆོག་གིས་དབུ་མ་འཇུག་པའི་བཀའ་ཁྲིད་ལེགས་པར་གྲུབ་གནང་མཛད།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༨ལོའི་ཟླ་༡༠པའི་ཚེས་༦ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་དབུ་མ་འཇུག་པའི་བཀའ་ཁྲིད་ལེགས་པར་མཇུག་གྲུབ། དེ་ཡང་ཚེས་གསུམ་ནས་ལྔའི་བར་དུ་སྤྱི་ནང་ཆོས་ངོ་སྤྲོད་དང་བྱེ་བྲག་ཏུ་དབུ་མ་འཇུག་པའི་བཀའ་ཁྲིད་གནང་ཞིང་། ཉིན་མཐའ་མ་ཚེས་དྲུག་ཉིན་ལ། རྗེ་རིན་པོ་ཆེས་མཛད་པའི་ལམ་གཙོ་རྣམ་གསུམ་དང་། དེ་བཞིན་དགེ་བསྙེན་དང་བྱང་ཆུབ་སེམས་དཔའི་སྡོམ་པ་གནང་ཞིང་། སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བསྩལ།

དེ་ཡང་། བཀའ་ཁྲིད་ཀྱི་ཉིན་དང་པོར། དད་ལྡན་མང་ཚོགས་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་སྟེ། སངས་རྒྱས་པའི་ཆོས་ནི་རང་སེམས་རང་གིས་འདུལ་དགོས་པ་ཞིག་དང་། ཡང་ན། བསམ་བློར་འགྱུར་བཅོས་བྱེད་དགོས་པ་ཞིག་ཡིན་པ་དང་། སེམས་འདུལ་སྟངས་དེའང་དངོས་པོ་ཐམས་ཅད་ཀྱི་ཡིན་ལུགས་ཇི་བཞིན་དུ་ཤེས་པའི་ཐོག་ནས་སེམས་འདུལ་དགོས་ཚུལ་སོགས་ཀྱི་བཀའ་སློལ་བསྩལ་ཞིང་། གསོལ་ཇའི་བར་གསེང་གི་སྐབས་སུ་ཆོས་ཞུ་བ་ཚོའི་དྲི་བར་བཀའ་ལན་གནང་།

དེ་ནས་ཆོས་ཞུ་བ་ཞིག་གིས་ཆོས་ཀྱི་བདག་མེད་དང་གང་ཟག་གི་བདག་མེད་གཉིས་ལས་སྔོན་དུ་གང་ཞིག་རྟོགས་དགོས་ཚུལ་གྱི་སྐོར་ནས་བཀའ་འདྲི་ཞུས་པ་ན། ༸གོང་ས་མཆོག་གིས་རང་གི་ཉམས་མྱོང་དང་སྦྱར་ཏེ་འདི་ལྟར་གསུངས་དོན། གང་ཟག་གི་བདག་མེད་དཔྱིས་ཕྱིན་པ་ཞིག་རྟོགས་ཡོད་དམ་མེད་ཟེར་བ་དེ་ནི། ཕུང་པོའི་སྟེང་དུ་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད། ངོས་ཀྱི་ཉམས་མྱོང་ཡིན་ལྟར་ན། ཕལ་ཆེར་ལོ་ལྔ་བཅུའི་གོང་དུ། དབུ་མ་དགོངས་པ་རབ་གསལ་གྱི་མགོ་དེར་གང་ཟག་ཅེས་པ་ནི། ཕུང་པོའི་ཚོགས་པའང་མ་རེད། ཕུང་པོའི་ཆ་དང་ཆ་ཤས་ལས་གཞན་དུའང་གང་ཟག་མེད། གང་ཟག་ཅེས་པ་ནི་རྟོག་པས་བཏགས་པ་ཙམ་ཡིན་ཞེས་གསུངས་པའི་ཚིག་དེ་མཐོང་སྐབས། ངོས་ཀྱིས་གང་ཟག་གི་བདག་མེད་རྟོགས་པ་དང་འདྲ་བའི་ཚོར་བ་ཤུགས་ཆེན་པོ་ཞིག་བྱུང་། བདག་མེད་ཕྲ་མོ་ཡིན་ན། གང་ཟག་གི་སྟེང་དུ་བདག་མེད་མི་འདུག་སྙམ་པའི་རྒྱུ་མཚན་དེ་དྲངས་ཏེ་ཕུང་ཚོགས་ཀྱི་སྟེང་དུ་དཔྱད་ཡོང་དུས། སྟོང་སངས་ཀྱི་སྣང་བ་ཤར་དགོས་པ་ཞིག་ཡིན་ཡང་དེ་ཤར་གྱི་འདུག དེར་བརྟེན། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་བདག་མེད་པ་དེ་འདྲ་ཞིག་བློ་ལ་ཤར་བ་རེད་མ་གཏོགས། གང་ཟག་རང་བཞིན་གྱི་སྟོང་པ་དེ་བློ་ལ་ཤར་མི་འདུག་སྙམ་པའི་ངེས་པ་རྙེད་བྱུང་། དེ་ནས་རིམ་གྱིས་རིམ་གྱིས། མགོན་པོ་ཀླུ་སྒྲུབ་ཀྱིས་ཇི་སྲིད་ཕུང་པོར་འཛིན་ཡོད་པ། དེ་སྲིད་དེ་ལ་ངར་འཛིན་ཡོད། ཅེས་གསུངས་པ་ལྟར།  ཕུང་པོར་བདེན་འཛིན་གྱི་ཞེན་ཡུལ་སུན་མ་བྱུང་བར་དང་སུན་བྱུང་བའི་ནུས་པ་མ་ཐོབ་བར་དུ། གང་ཟག་གི་བདག་འཛིན་ཕྲ་མོའི་ཞེན་ཡུལ་སུན་བྱུང་མི་ཐུབ། ཅེས་གསལ་པོར་གསུངས་འདུག དེ་ནས་རྗེ་རིན་པོ་ཆེའི་ལྷག་མཐོང་ཆེ་ཆུང་ནང་དུ་གསུངས་པ་ལྟར་ནའང་། སྔོན་ལ་གང་ཟག་གི་བདག་མེད་གཏན་ལ་ཕབས། དེ་ནས་ཆོས་ཀྱི་བདག་མེད་གསུང་གི་ཡོད། དེར་བརྟེན། སྟོང་ཉིད་ཕྲ་མོ་ཡིན་པའི་གང་ཟག་བདག་མེད་རྟོགས་ཡོད་དང་མེད་ཅེས་པ་ནི། ཆོས་ཀྱི་བདག་མེད་དང་འབྲེལ་དགོས་པ་ཞིག་རེད་འདུག དེ་འདྲའི་ཐོག་ནས་བསམ་བློ་གཏོང་རྒྱུ་ཞིག་ཡོད་པ་འདྲ། བློ་ལ་སྐྱེ་བའི་སྐབས་སུ། སྔོན་ལ་བདགས་གཞི་ཕུང་སོགས་བློ་ལ་ཤར་བ་བཞིན་དོན་དམ་དུ་ཡོད་པ་ཞིག་བློ་ལ་ཤར་ཡོང་གི་ཡོད་ཅིང་། ཐ་སྙད་དུ་རང་མཚན་ཡོད་དང་མེད་ཅེས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཐ་སྙད་དུ་རང་མཚན་འདོད་མཁན་ཚོས་སྔོན་ལ་བློ་ལ་སྣང་བ་ལྟར་དུ་གྲུབ་ཡོད་པར་འདོད་པ་དང་། ཐ་སྙད་དུ་རང་མཚན་མི་འདོད་མཁན་ཚོས་བརྟག་ཅིང་དཔྱད་ན་ཆོས་ཐམས་ཅད་བློ་ལ་སྣང་བ་ལྟར་དུ་གྲུབ་མེད་པར་འདོད་ཀྱི་ཡོད། ཆོས་ཐམས་ཅད་བློ་ལ་སྣང་བ་ལྟར་དུ་གྲུབ་ཡོད་ན། ང་ཚོས་བཙལ་ནས་སོང་ན་གསལ་ཞིང་ཡོད་པ་ཞིག་ཡིན་དགོས་མོད། འོན་ཀྱང་དེ་ལྟར་དུ་གྲུབ་མེད། དེ་ཡང་དབུ་མ་རིན་ཆེན་ཕྲེང་བར་གསུངས་བ་བཞིན། གལ་ཏེ་སྨུག་རྒྱུ་ཆུ་ཡིན་ན། དེའི་ཐག་ཉེ་སར་བཅར་སྐབས་ཆུ་ཡིན་དགོས་མོད་དེ་ལྟར་ནི་མ་ཡིན། དེ་བཞིན་དུ་ང་ཚོར་བདག་གཞི་ཕུང་སོགས་དེའང་རང་ངོས་ཡོད་པ་ཞིག་ཏུ་བློར་སྣང་ཡོང་གི་ཡོད་ཅིང་། དེར་བརྟེན་ནས་བཏགས་པའི་བདག་དེའང་རང་ངོས་ནས་ཡོད་པ་ཞིག་ཏུ་བློར་སྣང་ཡོང་གི་ཡོད། དེར་བརྟེན། དབུ་མ་ཐལ་འགྱུར་བས། འཕགས་པའི་མཉམ་བཞག་ཡེ་ཤེས་མ་གཏོགས་པའི་སེམས་ཅན་གྱི་བློ་གཞན་རྣམས་འཁྲུལ་ཤེས་ཡིན་པ་དང་། འོ་ན་ཚད་མ་མེད་པ་རེད་དམ་ཞེ་ན། དེའང་མ་རེད། ཚད་མ་དེ་ཐ་སྙད་དུ་གྲགས་པ་དང་། གྲགས་པའི་དོན་དེ་ལ་ཐ་སྙད་པའི་ཚད་མ་མི་གནོད་པ། གཙོ་བོ་དེ་འདྲ་ཞིག་གི་སྟེང་ནས་འདི་ཐ་སྙད་དུ་གྲུབ་པ་དང་། འདི་ཐ་སྙད་དུ་མེད་པ་རེད་ཅེས་དབྱེ་བ་བྱེད་དགོས། དེ་ལྟར་བྱས་ཏེ་བློ་དེ་དོན་ལ་མི་བསླུ་བར་བྱེད་དགོས། དེར་བརྟེན་དབུ་མ་ཐལ་རང་གི་དགག་བྱའི་ངོས་འཛིན་སྟངས་ཕྲ་རགས་ཡོད་པ་དེར་བསམ་བློ་ཞིབ་ཚགས་ཀྱིས་གཏོང་དགོས། དང་པོ་དེབ་ལ་ལྟ། དེ་ནས་རང་རྒྱུད་དུ་སྦྱར་དགོས། ཐོས་བྱུང་གི་ཤེས་རབ་གཅིག་པོས་འགྲིག་གི་མ་རེད། དེའི་སྟེང་ལ་རང་ངོས་ནས་བསམ་བློ་གཏོང་སྟེ་དཔྱད་པ་གནང་དགོས། དཔེར་ན། ངོས་རང་ལ་ཆ་མཚོན་ནའང་། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་ཞེས་པའི་ལྟ་བའི་སྐོར་དེ་ཆུང་དུས་ནས་གོ་མྱོང་། ཡིན་ནའང་། དེ་ནི་ཐོས་བྱུང་གི་ཤེས་རབ་ཙམ་རེད། དེ་ནས་རིམ་གྱིས་རྒྱ་གར་དུ་བསླེབས་ནས་དེའི་སྐོར་ལ་བསམ་བློ་གང་འཚམས་བཏང་བ་རེད། ཁ་སང་དེ་རིང་ལ་ཆ་མཚོན། ངོས་ཀྱིས་ཉིན་ལྟར་དེའི་སྐོར་ལ་བསམ་བློ་གཏོང་གི་ཡོད། དེ་ལྟར་བསམ་བློ་བཏང་ཡོད་དུས། བསམ་བྱུང་གི་ཤེས་རབ་སྐྱེ་ཡོང་ཞིང་། དེར་བརྟེན་བློ་ལ་ཐག་ཆོད་པོ་ཞིག་ཤར་ཡོང་གི་འདུག དེ་ཡང་རིགས་པས་དཔྱད་ནས་ཤེས་ཡོང་བ་ཞིག་རེད་མ་གཏོགས། སྨོན་ལམ་བརྒྱབ་ནས་ཤེས་བ་ཞིག་མ་རེད། དེ་འདྲའི་བསམ་བྱུང་གི་ཤེས་རབ་ལ་བརྟེན་ནས་སྐྱེས་པའི་ངེས་ཤེས་ཉིན་ལྟར་དུ་ཡང་ཡང་བསམ་བློ་གཏོང་དགོས་ཤིང་། ངོས་ལ་མཚོན་ནའང་། ཉིན་མ་རེར་དེའི་སྐོར་ལ་ཕལ་ཆེར་ཐེངས་ཉི་ཤུ་སུམ་ཅུ་བསམ་བློ་གཏོང་གི་ཡོད། མཚན་མོར་གཉིད་ཁུག་སྐབས་ཀྱང་དེ་སྐོར་ལ་བསམ་བློ་གཏོང་གི་ཡོད། དེ་ཡང་བློ་ལ་རང་བཞིན་གྱིས་འཁོར་ཡོང་། དེ་ལྟར་ཡང་ཡང་འདྲིས་པ་དང་གོམས་པའི་མཐུས་ལས་ཏིང་ངེ་འཛིན་གྱི་གྲོགས་དང་བཅས་པའི་སྒོམ་བྱུང་ཐོབ་མེད་ཀྱང་། སྒོམ་བྱུང་གི་ཉམས་མྱོང་གང་འཚམ་སྐྱེ་ཡོང་། དེར་བརྟེན། ཐོས་བསམ་སྒོམ་གྱི་ཤེས་རབ་དེ་རིམ་པར་གནང་དགོས་པ་ཞིག་རེད། དེར་བརྟེན། ཆོས་ཀྱི་བདག་མེད་ཀྱི་ཕུང་སོགས་ཀྱི་སྟེང་དུ་དཔྱད་དེ། ཕུང་སོགས་ཀྱི་སྟེང་ནས་དགག་བྱའི་སྣང་ཚུལ་ཡོད་པ་དེ་ངོ་ཤེས་ཐོག་ལ་སྣང་བ་ལྟར་དུ་གྲུབ་པ་ཞིག་གཏན་ནས་མེད་སྙམ་པའི་བློ་ཐག་ཆོད་པ་ཞིག་སྐྱེ་དུས། དེར་བརྟེན་ནས་བཏགས་པའི་བདག་ཅིག་ལྟ་ཅི་སྨོས་ཞེས་པའི་བློ་ཞིག་སླེབས་ཡོང་གི་རེད། ཅེས་བཀའ་བསྩལ།

དེ་ནས། བཀའ་ཁྲིད་ཀྱི་ཉིན་གཉིས་པར། སངས་རྒྱས་བཅོམ་ལྡན་འདས་ནི་རྣམ་དཔྱོད་དང་ལྡན་པ་ཞིག་ཡིན་པ་དང་། ཁོང་གི་རྗེས་འབྲངས་པ་ཀླུ་སྒྲུབ་ཡབ་སྲས་དང་། ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཆོས་གྲགས་སོགས་ཀྱང་ཐོས་བསམ་སློབ་གཉེར་ལ་རིགས་པའི་ལམ་ནས་འཇུག་མཁན་ཞིག་ཡིན་པ་མ་གཏོགས། དད་པ་དང་ལུང་གི་རྗེས་སུ་འབྲངས་མཁན་ཞིག་མིན་ཞིང་རྟོགས་པ་མཐོན་པོ་ལྡན་མཁན་ཞིག་ཡིན་པ་དང་། དེ་ནས་སངས་རྒྱས་ཀྱི་ཆོས་ནི་རྒྱ་ནག་དང་ཤྲིལིངྒ། ཐའེ་ལན་བཅས་སུ་དར་བ་དང་། དེ་བཞིན་བོད་དང་སོག་པོའི་ཡུལ་གྲུ་ལ་དར་བ་དང་། རྒྱ་ནག་ནས་ཀོ་རུ་ཡ། ཝེ་དི་ནམ། ཉི་ཧོང་སོགས་གང་ལྟར་ཨེ་ཤ་ཡའི་ཡུལ་གྲུ་ཕལ་མོ་ཆེར་དར་ཡོད་ཚུལ་གྱི་ལོ་རྒྱུས་གསུངས་ཤིང་། གཞན་ཡང་། འཁོར་ལོ་བར་བ་ཤེར་ཕྱིན་གྱི་སྐོར་ནས། གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ།། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། ཞེས་སྟོང་ཉིད་བཞི་སྐོར་གྱི་ཐད་ནས་ཞིབ་པར་གསུངས།  དེ་ནས་དབུ་མ་འཇུག་པའི་གསུང་རྒྱུན་གྱི་ཐད་ནས་འདི་ལྟར་གསུངས། དབུ་མ་འཇུག་པའི་ཞལ་ལུང་ངོས་ཀྱིས་ཡོངས་འཛིན་གླིང་རྡོ་རྗེ་འཆང་གི་སྐུ་མདུན་ནས་ཞུས་ཤིང་། དབུ་མ་འཇུག་པ། མངོན་རྟོགས་རྒྱན། དགོངས་པ་རབ་གསལ། སྟོང་ཐུན་ཆེན་མོ་སོགས་ངོས་ཀྱིས་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་ཞུས། ཡོངས་འཛིན་རིན་པོ་ཆེས་མི་ཉག་རིན་པོ་ཆེ་ཞེས་སྐུ་འབུམ་གྱི་བླ་མ་གཞན་དང་མི་འདྲ་བ་ཞིག་ཡོད་པ་ཁོང་གི་སྐུ་མདུན་ནས་གསན་པ་རེད། དབུས་ཁུལ་ལ་བཤད་རྒྱུན་དཀོན་པོ་ཡིན་པ་དེ་ཚོ་མི་ཉག་རིན་པོ་ཆེའི་སྐུ་མདུན་ནས་གསན་པ་རེད། ཅེས་སོགས་ཀྱི་བཀའ་བསྩལ།

དེ་ནས། ཉིན་གསུམ་པའི་བཀའ་ཁྲིད་ཀྱི་སྐབས་སུ། སྒོ་ལྔའི་ཤེས་པ་དང་ཡིད་བློའི་ཁྱད་པར་གྱི་ཐད་ནས་འདི་ལྟར་གསུངས་དོན། ང་ཚོའི་འཛམ་གླིང་འདིའི་སྲོག་ཆགས་གྲོག་འབུ་ཚུན་ཆད་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། ང་ཚོ་མི་ལ་སྒོ་ལྔའི་ཤེས་པ་ཙམ་མིན་པའི་ཡིད་བློ་ཟེར་བ་ཞིག་ཡོད། སྒོ་ལྔའི་ཤེས་པ་དུད་འགྲོ་ཚང་མ་ལའང་ཡོད། ཡིད་བློ་དེ་ཤེས་རབ་ཀྱི་གྲོགས་དང་བཅས་ཏེ་ཤུགས་ཆེ་བ་ཡོད། ཀུན་འགྲོ་ལྔ། ཡུལ་ངེས་ལྔ་སོགས་བློ་རིག་བཤད་པའི་སྐབས་སུ་ཡོད། སྤྱིར་དུད་འགྲོ་ཚོར་ཆ་བཞག་ན་མིག་གིས་དུད་འགྲོ་ནང་ཚགས་མཐོང་བ་ལྟ་བུ་དང་། འཁྱག་པའི་སྐབས་སུ་ཉི་མའི་ཚོར་བ་ཡོད་པ་ལྟ་བུའི་བདེ་སྐྱིད་ཅིག་དོན་དུ་གཉེར་གྱི་ཡོད་པ་རེད། དེ་ལྟ་བུའི་ཐོག་ནས་སྡིག་པ་མཐོང་བ་ཡིན་ན་གཡོལ་བ་ལྟ་བུ་ཡོང་གི་ཡོད། དུད་འགྲོ་ཁྱི་ལྟ་བུས་ཀྱང་སྒྲ་སྙན་པོ་བྱུང་ན་རྩེ་གཅིག་ཏུ་ཉན་པ་ལྟ་བུ་འབྱུང་གི་འདུག དེ་བཞིན་དྲི་རོ་རེག་བྱ་དང་། རེག་བྱའི་ནང་དུ་འཁྲིག་པའི་རེག་བྱ་དབང་པོ་གཉིས་སྦྱོར་སོགས་གང་ལྟར་སོ་སོའི་རིགས་རྒྱུད་སྤེལ་བ་ལའང་འབྲེལ་བ་ཡོད་པ་རེད། སྒོ་ལྔའི་ཤེས་པའི་ཐོག་ནས་བདེ་སྐྱིད་ཕྲན་བུ་དུད་འགྲོ་ཚོ་ལའང་ཡོད། ཡིད་བློའི་སྟེང་ནས་ཕལ་ཆེར་དུད་འགྲོ་ཚོར་ཧ་ཅང་ཁག་པོ་རེད།

འཛམ་བུའི་གླིང་འདིར་མི་དུང་ཕྱུར་བདུན་ཅུ་ཡོད་པ་འདི་དག་དངོས་པོའི་གནས་ཚུལ་ལ་ཡིད་བློའི་ཐོག་ནས་སེམས་སྐྱིད་མ་སྐྱིད་ཆེན་པོ་ཡོང་གི་ཡོད་པ་རེད། སྤྱིར་བཏང་(consciousness)ཟེར་དུས་ཕལ་ཆེར་སྒོ་ལྔའི་ཤེས་པ་ཁོ་ན་མ་གཏོགས་བསམ་བློ་མང་པོ་འཁོར་གྱི་མི་འདུག དེར་བརྟེན་དངོས་གཙོའི་མི་ཚེ་དེ་སྒོ་ལྔའི་ཤེས་པ་རྐྱང་རྐྱང་སྟེང་དུ་ལྟད་མོ་ལྟ་བ་དང་། རོལ་མོར་ཉན་པ། དྲི་ཞིམ་སོགས་གང་ལྟར་སྒོ་ལྔའི་ཤེས་པ་རྐྱང་རྐྱང་ངམ། གནས་སྐབས་ཀྱི་ཚོར་བ་སིམ་པ་ཡོང་བ་དང་། དེ་དང་འབྲེལ་ནས་ཡིད་བློའི་སྟེང་སིམ་པ་མྱོང་བ་ལྟ་བུ་ཡོང་བས་འགྲོ་བཞིན་འདུག ཅེས་སོགས་ཀྱི་བཀའ་བསྩལ།

དེ་ནས། བཀའ་ཁྲིད་ཉིན་བཞི་པར། རྗེ་རིན་པོ་ཆེས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་ཁྲིད་སྐབས། རྗེ་རིན་པོ་ཆེ་ཡི་རྣམ་ཐར་དང་ཁོང་གིས་བརྩམས་པའི་དབུ་མ་དགོངས་པ་རབ་གསལ་ལ་སོགས་ཀྱི་གསུང་རྩོམ་རྣམས་མཚམས་འབྱོར་གནང་ཞིང་། དེ་ནས་ལམ་གཙོ་རྣམ་གསུམ་ནི་ངེས་འབྱུང་དང་། བྱང་སེམས། ཡང་དག་གི་ལྟ་བ་བཅས་ཡིན་པ་དང་། དེ་ནས་རྟེན་ཅིང་འབྲེལ་བའི་ཆོས་ཐམས་ཅད་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ཡིན་པའི་སྐོར་དང་། ཇི་ལྟར་སྣང་བ་ལྟར་དུ་ཆོས་ཐམས་ཅད་ཕྱི་དོན་དུ་གྲུབ་མེད་སྐོར། ཀླད་པར་རྟེན་པའི་ཡིད་བློ་དང་ཡིད་བློ་ཕྲ་མོའི་ཐད་ཀྱི་ཁྱད་པར། དེ་ཡང་སྔགས་བླ་མའི་ནང་དུ་ཡིད་བློ་ཕྲ་མོའི་སྐོར་གསུངས་ཡོད་ཚུལ། སེམས་བསྐྱེད་ཀྱི་ཐད་ནས། སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར་ཞེས་གསུང་བ་བཞིན་བསམ་བློ་གཏོང་དགོས་པ་དང་། བྱང་ཆུབ་སེམས་ཀྱི་སྐོར་ནས། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་སྐབས་སེམས་སྐྱིད་པོ་ཡོད་པ་དང་། རང་གཅེས་འཛིན་གྱི་བློ་དེས་སེམས་མི་སྐྱིད་པ་བཟོ་བཞིན་ཡོད་སྐོར། དེ་ནས། སེམས་འཁྲུགས་པའི་སྐབས་སུ་ཡང་། བྱང་ཆུབ་ཀྱི་སེམས་སྒོམས། སེམས་ཞུམ་པའི་སྐབས་སུ་ཡང་། བྱང་ཆུབ་ཀྱི་སེམས་སྒོམས། ཞེས་གསུངས་ཏེ། དགེ་བསྙེན་དང་བྱང་ཆུབ་སེམས་དཔའི་སྡོམ་པ་གནང་ཞིང་། སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་མཛད་དེ། ཐེངས་འདིའི་ཉིན་བཞིའི་རིང་གི་དབུ་མ་འཇུག་པའི་བཀའ་ཁྲིད་ལེགས་པར་མཇུག་བསྒྲིལ།