16
Tue, Apr

རྒྱ་གཞུག་གིས་བོད་མི་ཞི་རྒོལ་བ་དབང་ཆེན་ལགས་ལ་མི་ལོ་༤བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག པར་དབར་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། ཀུན་ཟིགས་པཎ་ཆེ་རིན་པོ་ཆེ་གློད་གྲོལ་ཡོང་བ་ཤོག་དང་རྒྱལ་བ་པཎ་ཆེ་གཉིས་བོད་དུ་ལྷན་དུ་འཛོམས་པ་ཤོག་ཅེས་སྨོན་ལམ་བརྒྱབ་རྗེས་༢༠༡༩ལོའི་ཟླ་༥ཚེས་༨ཉིན་བོད་སེར་ཤུལ་ནས་ཡིན་པའི་བོད་མི་དབང་ཆེན་དང་ཁོང་གི་ཨ་ནེ་གཉིས་ལ་ལོ་༡ནས་ལོ་༤ལྷག་བར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག

འདི་ལོ་༢༠༡༩ཕྱི་ཟླ་བཞི་པའི་ཚེས་༢༩ཉིན་ཞོགས་པ་བོད་ཀྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང༌སེར་ཤུལ་ཡུལ་ཚོའི་ས་གནས་བོད་རིགས་མང་ཚོགས་ཀྱིས་སེར་ཤུལ་དགོན་པའི་རྒྱབ་རིར་གསང་གསོལ་དང་རླུང་རྟ་དར་འཛུགས་སོགས་ཆོས་ཕྱོགས་བྱེད་སྒོ་ཞིག་སྤེལ་སྐབས་སེར་ཤུལ་ཡུལ་ཚོར་གཏན་སྡོད་བྱེད་མཁན་རང་ལོ་༢༠ཡིན་པའི་བོད་མི་དབང་ཆེན་ལགས་ཀྱིས་ཀུན་ཟིགས་པཎ་ཆེ་རིན་པོ་ཆེ་གློད་གྲོལ་ཡོང་བར་ཤོག་ཅེས་དང་རྒྱལ་བ་པཎ་ཆེ་རྣམ་ གཉིས་བོད་དུ་ལྷན་དུ་འཛོམས་པར་ཤོག་ཅེས་སྨོན་ལམ་བརྒྱབས་རྐྱེན་ས་གནས་རྒྱ་ནག་ཉེན་རྟོག་པས་ཁོང་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། ཁོང་གི་རོགས་པ་བློ་བཟང་དང༌ཡོན་ཏན་ཞུ་བའི་བོད་མི་གཉིས་ཀྱང་དོན་མེད་འཇུ་བཟུང་བཙན་ཁྲིད་ཀྱིས་བོད་སེར་ཤུལ་རྫོང་ཐོག་ཏུ་བཀག་ཉར་དྲི་ཞིབ་ནན་པོ་བྱས་ཡོད་པ་རེད།

དེ་རྗེས་ཟླ་འདིའི་ཕྱི་ཚེས༣་ཉིན་སེར་ཤུལ་ཡུལ་མཚོའི་ཉེན་རྟོག་པས་དབང་ཆེན་གྱི་ཨ་ནེ་སྒྲོན་དཀར་ཡང་སེར་ཤུལ་ཡུལ་མཚོ་ཉེན་རྟོགས་ཁང་དུ་འབོད་འགུགས་བྱས་རྗེས་ཉིན་གུང་ཆུ་ཚོད༡༢་ཐོག་སེར་ཤུལ་རྫོང་ཐོག་དུ་བཙན་འཁྲིད་བྱས་ཏེ་བཀག་ཉར་དྲི་ཞིབ་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས༨་ཉིན་བོད་ནང་གི་སྔ་དྲོ་ཚུ་ཚོད༡༠ཐོག་སེར་ཤུལ་རྫོང་མི་མང་ཁྲིམས་ཁང་ཟེར་བས་ཁོང་གཉིས་ཀྱི་ནང་མི་སྤྲུན་མཆེ་ཁྲིམས་ཁང་དུ་འབོད་འགུག་ཐོག་དབང་ཆེན་ལ་རྒྱལ་ཁབ་ཀྱི་ཁྲིམས་འགལ་མངོན་གསལ་ཅན་གྱི་གྱེན་ལང་རྩ་འཛུགས་བྱེད་མཁན་དང་སྣེ་ཁྲིད་མཁན་ནག་འཇོམས་ངན་སེལ་གྱི་འབྲེལ་ཡོད་ཞེས་པའི་ཁྲིམས་ཀྱི་དོན་ཚན་འོག་ནས་དབང་ཆེན་ལ་ལོ་༤དང་ཟླ་བ་༦་གི་ཁྲིམས་ཐག་བཅད་ཡོད་པ་རེད། དེ་དང་ཆབས་ཅིག་ཁོང་གི་ཨ་ནེ་སྒྲོན་དཀར་ལ་ཁྲིམས་འགལ་གྱི་རྩ་འཛུགས་དང་ངན་པ་ལག་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་རྩ་དོན་དང་ས་གནས་བདེ་འཇགས་ལ་གནོད་མཚེ་བཏང་བ། གསང་བ་ཕྱིར་བསྒྲགས་བྱས་པ་བཅས་ཀྱི་ཉེས་མིང་འོག་ནས་ལོ༡་དང་ཟླ༣ཁྲིམས་ཆད་བཏང་ཡོད་པ་རེད་འདུག

ཡང་སྨོན་ཚིག་སྒྲོག་མཁན་དབང་ཆེན་དང་མཉམ་དུ་ཉེས་མེད་འཛིན་བཟུང་བྱས་པའི་བློ་བཟང་དང་ཡོན་ཏན་གཉིས་མི་རེར་རྒྱ་སྒོར༡༥༠༠༠རེ་ཆད་པ་བཅད་ནས་སེར་ཤུལ་རྫོང་རྒྱལ་ཁབ་སློབ་གསོ་ཡན་ལག་ལས་ཁུང་ཟེར་བར་རྩིས་སྤྲོད་བྱས་ནས་ཟླ་༦རིང་རྒྱལ་གཅེས་སློབ་གསོའི་ཟབ་སྦྱོང་ལ་འགྲོ་དགོས་ཚུལ་བརྗོད་འདུག་པ་དང༌། དབང་ཆེན་དང་ཁོང་གི་ཨ་ནེར་ཁྲིམས་ཐག་བཅད་རྗེས་ས་གནས་གང་དུ་འཁྲིད་ཡོད་མེད་ད་དུང་ཤེས་རྟོགས་བྱུང་མེད་པ་རེད།

སྤྱིར་ཚེས་༨ཉིན་ཁྲིམས་ཐག་གཅོད་པའི་ཞོགས་པར་ཉེན་རྟོག་པས་ཁོང་གཉིས་ཀྱི་ནང་མི་སྤུན་མཆེད་ཚོར་ཁྲིམས་ཁང་དུ་ནང་མི་དང་སྤུན་མཆེད་ལྔ་ཡན་འགྲོ་མི་མཆོག་པ་དང་གློག་ཆས་རིགས་དང་ཁ་པར་སོགས་རྩ་བ་ནས་ཁྱེར་མི་ཆོག་པ་མ་ཟད། གནས་ཚུལ་དེ་འདྲ་རིགས་བྱུང་ཚེ་འགན་དོ་བདག་རང་ཉིད་ནས་ཁུར་དགོས་པའི་འཇིགས་སྐུལ་བྱས་ཡོད་འདུག

ཁྲིམས་ཁང་དུ་ཉན་ཞིབ་ཏུ་སྐྱོད་མཁན་སྤུན་མཆེད་དག་ཉེན་རྟོག་པའི་རླངས་འཁོར་ཞིག་གིསས་རྫོང་མི་མང་ཁྲིམས་ཁང་དུ་བསྐྱལ་ཡོད་པ་དང་ཁོ་ཚོ་མ་ཐོན་གོང་དང་ཐོན་ཚར་བའི་སྔ་རྗེས་སུ་ཡང་མི་རེ་རེའི་གཟུགས་པོ་རྔོག་བཤེར་བྱས་ནས་ཁ་པར་སོགས་འཁྱེར་ཡོད་མེད་ཞིབ་བཤེར་ནན་པོ་བྱས་ཡོད་འདུག

ཡང་ཟླ༥་ཚེས༣་ཉིན་སྒྲོན་དཀར་ལགས་སེར་ཤུལ་ཡུལ་ཚོ་ཉེན་རྟོག་ཁང་དུ་བཀག་ཉར་སྐབས་ཉེན་རྟོག་པ་ཞིག་གིས་ཁོང་ལ། ང་ཚོ་སྤྱི་ཚོགས་བདེ་འཇགས་ཀྱི་ཆེད་དུ་རྟོགས་ཞིབ་མི་སྣ་གང་སར་བཀྲམས་ཡོད་པས་ཁྱེད་རང་གིས་སྐད་ཆ་གང་བཤད་ཡོད་མེད་ང་ཚོས་དེ་སྔོན་ཤེས་རྟོགས་ཡོད་ཚུལ་དང་དེ་ལས་དྲང་པོ་བཤད་ན་དགའ་ཚུལ་གྱིས་འཇིགས་སྐུལ་བྱས་ཡོད་འདུག

ཁོང་གཉིས་ཀྱི་སྐྱེས་ཡུལ་ནི་བོད་མགོ་ལོག་རྨ་སྟོད་རྫོང་ཆུ་སྔོན་ལུང་བ་ཞེས་པ་ནས་ཡིན་པ་དང༌། ཨ་ནེ་རང་ལོ༡༨་ནས་རིང་ཡུལ་ཤུལ་དུ་བསྡད་རྗེས་སེར་ཤུལ་དུ་ཁང་པ་ཞིག་ཉོས་ནས་གཏན་སྡོད་བྱས་ཡོད་འདུག ཁོང་ལ་མཚོན་ན་བཙོན་འཇུག་བྱས་རྗེས་ཕྲུ་གུ་བུ་ཞིག་དང་བུ་མོ་ཞིག་ནང་དུ་ལུས་ཡོད་པ་དང༌། ལྷག་པར་དུ་ཉེན་རྟོག་པས་ཐེངས་འདིའི་ཁྲིམས་ཐག་བཅད་པའི་གནས་ཚུལ་དེ་སུ་གཅིག་ལ་ཡང་བཤད་མི་ཆོག་ཅེས་འཇིགས་སྐུལ་དྲག་པོ་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།