06
Fri, Dec

བཙོན་ཟུར་བློ་གྲོས་རྒྱ་མཚོ་ལགས་ལ་སླར་ཡང་ལོ་༡༨་ཀྱི་ཁྲིམས་ཐག་བཅད་འདུག

བོད་ཀྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༣་ཚེས་༡༦ཉིན་སྤེལ། བཞུགས་སྒར་དུ་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གནས་ཚུལ་སྤེལ་བར་ལྟར་ན། བོད་ཀྱི་རང་དབང་དང་ཞི་བདེ་འཐབ་བརྩོད་པ་བཙུན་ཟུར་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ལ་སླར་ཡང་ལོ་༡༨་དང་། ཁོང་གི་བཟའ་ཟླ་དགའ་སྐྱིད་ལགས་ལ་ལོ་༢་ཀྱི་ཁྲིམསཐག་གསང་བའི་ཐོག་བཅད་ཡོད་འདུག

དེ་ཡང་༢༠༡༨ལོའི་ནང་བློ་གྲོས་རྒྱ་མཚོས་ཕོ་བྲང་པོ་ཏ་ལའི་མདུན་དུ་དམར་ཤོག་སྲིད་གཞུང་ལ་ཁེར་རྐྱང་དུ་ཞི་རྒོལ་གནང་སྐབས། རྒྱ་གཞུང་གིས་ཁོང་གང་བྱུང་བཀར་ཉར་བྱས་རྗེས་ག་སོང་ཆ་མེད་དུ་འགྱུར་འདུག དེ་རྗེས་ཉེ་ཆར་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཁོང་ལ་སླར་ཡང་མི་ལོ་༡༨་རིང་གི་ཁྲིམས་ཐག་དང་། ཁོང་གི་བཟའ་ཟླ་ལ་བརྙན་ཐུང་ལེན་རོགས་བྱས་པའི་ཉེས་ཁྲིམས་ཞེས་པའི་མི་ལོ་གཉིས་ལ་ཁྲིམས་ཐག་བཅད་ཡོད་འདུག

༢༠༡༨ལོའི་ ཟླ་༡ ཚེས་༢༨ ཉིན་བློ་གྲོས་རྒྱ་མཚོ་ལགས་ཀྱིས་འཛམ་གླིང་ཞི་བདེའི་ལས་འགུལ་སྤེལ་ནས་ཁེར་རྐྱང་དུ་ཞི་རྒོལ་གནང་བའི་བརྙན་ཐུང་ཞིག་སྤེལ་ཡོད་པ་དང་། དེ་ནི་ཁོང་གི་བཟའ་ཟླ་དགའ་སྐྱིད་ཀྱིས་བླངས་པ་ཞིག་ཡིན་པ་དང་། བརྙན་ཐུང་དེ་ཕྱིའི་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་བྱུང་ཡོད་འདུག

དམར་ཤོག་སྲིད་གཞུང་གིས་ཁོང་བཟའ་ཟླ་གཉིས་ལ་གསང་བའི་ཐོག་ནས་ཁྲིམས་ཐག་བཅད་པའི་གནས་ཚུལ་དེ་ནི་ཕྱི་ལོ་༢༠༡༨ ཟླ་༡༡ ནང་ཐོན་ཡོད་ནའང་། ཁོང་གཉིས་ལ་ནག་ཉེས་ག་རེ་བཙུགས་ཡོད་པ་དང་། བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་རྟོགས་ཐུབ་མེད་ལ། ཁོང་གི་ནང་མི་དང་ཉེ་འབྲེལ་ཚོས་ཁོང་བཟའ་ཟླ་གཉིས་ཀྱི་ད་ལྟའི་གནས་སྟངས་དང་བཀག་བསྐྱིལ་སོགས་མ་ཤེས་པར་ལྷག་ཡོད་པ་རེད།

དེ་ཡང་༡༩༩༣ལོའི་ཟླ་༡་ཚེས༡༧་ཉིན། ཁོང་ལ་མི་གསོད་ཀྱི་དོན་རྐྱེན་འོག་རྒྱ་གཞུང་གིས་ནག་ཆུ་འབྲིང་རིམ་ཁྲིམས་ཁང་དུ་ཁྲིད་སྟེ་ལོ་༡༥རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་ལྷ་ས་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད། དེའི་རྗེས་༩༥ལོའི་ཟླ༣ཚེས་༤ཉིན་བློ་གྲོས་ལགས་ཀྱིས་བཙོན་པ་ཡོངས་ལ་ཀུན་སློང་བྱས་ཏེ་བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས། བོད་མི་ས་ཡ་དྲུག་རྡོག་རྩ་གཅིག་སྒྲིལ་ཡིན། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པ་ཤོག་ཅེས་བཙོན་ཁང་དུ་ངོ་རྒོལ་སྐད་འབོད་བྱས་ཤིང་། ལག་བྲིས་ཀྱི་ཡིག་ཆ་༣༠༠ལྷག་གཏོར་བའི་རྐྱེན་གྱིས་བཙོན་སྲུང་འགོ་ཁྲིད་ཚོས་ཁྲིམས་ཁང་ལ་ཞུ་གཏུགས་བརྒྱབ་པ་ལ་བརྟེན་ནས། ཉིན་གསུམ་ལས་མ་འགོར་བར་དམར་གསོད་གཏོང་རྒྱུའི་བཀའ་རྒྱ་འབྱོར་ཡོད་པ་རེད་འདུག

སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བལྟ་རྟོག་ཚོགས་པའི་འགན་འཛིན་ནས་རྒྱ་ནག་གཞུང་ལ་བློ་གྲོས་ལགས་གསོད་མི་ཆོག་པའི་གནོན་ཤུགས་སྤྲད་པ་མ་ཚད། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་ཁག་གཅིག་ནས་ཀྱང་ཡིག་འཕྲིན་སོགས་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་སྟབས། སྲོག་ཉེན་ལས་ཐར་ཐུབ་ཙམ་བྱུང་ཡོད་ན་ཡང་རྒྱ་གཞུང་གིས་ལོ་༢༡རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

བློ་གྲོས་རྒྱ་མཚོ་ལགས་ནི་ཁམས་སོག་རྫོང་ཚ་དབྲོག་ཤང་སོག་མཁར་གྲོང་སྡེ་ནས་ཡིན་པ་དང་། ཁོང་གིས་སོག་རྫོང་དུ་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་བྱེད་མྱོང་ཞིང་། ནག་ཆུ་ཁུལ་དུ་ཤེད་རྡོ་བཀྱགས་སྐབས་ཨང་དང་པོའི་བྱ་དགའ་ཐེངས་གཉིས་སུ་ཐོབ་མྱོང་ཡོད་པ་རེད་འདུག ད་དུང་ཁོང་ནི་བློ་དཀར་གཞུང་དྲང་དང་དཔའ་མཛངས་རྟུལ་ཕོད་ཅན་ཞིག་ཡིན་པ་ཁོང་གི་བཙོན་གྲོགས་ཚོས་བརྗོད་ཀྱི་ཡོད་པ་རེད། ད་ལྟར་ཁོང་ལོ་ན་༥༧ལ་སོན་ཞིང་། ཁོང་ལ་ཨ་མ་དང་སྤུན་ཆུང་བ་གཅིག སྲིང་མོ་ལྔ་བཅས་ཡོད་པ་རེད་འདུག