09
Mon, Dec

ཁྲིམས་ཐག་བཅད་བཞིན་པའི་བོད་མི་རྣམས།

བོད་ཀྱི་གསར་འགྱུར།
Typography

མཚོ་སྔོན་ཞིང་ཆེན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་ཤར་ཧོ་ཀྲོ་རྫོང་མི་དམངས་ཁྲིམས་ཁང་གིས་ཟླ་༩ཚེས་༤་ཉིན་ལ། དཔའ་ལུང་རྫོང་གཞི་རྩ་ཤང་གི་པདྨ་དང་རྡོ་རྗེ། ཚེ་རིང་། ལྷ་མོ་སོགས་མི་བཅུ་གསུམ་ལ་སྲིད་གཞུང་གི་བྱ་བར་གནོད་སྐྱོན་བཟོ་བ་ཞེས་པའི་ཉེས་མིང་འོག་ཁྲིམས་ཐག་གཅོད་འགོ་བརྩམས་འདུག

དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡ ཉིན་ལ། དཔའ་ལུང་རྫོང་ཆུའི་ལས་ཁུངས་ཀྱིས་དགའ་ཡུལ་ཚོའི་གཞི་རྩ་སྡེ་བ་དང་། སྟག་ཚང་ཡུལ་ཚོའི་སྐྱིད་རྒྱ་སྡེ་བ་བཅས་བོད་མི་འདུས་སྡོད་ཀྱི་སྡེ་བ་གཉིས་ཀྱི་རྒྱུགས་ཆུ་དེ་སྟག་ཚང་ཡུལ་ཚོའི་འུན་རྒྱ་སྡེ་བར་ཁ་བསྒྱུར་བའི་ལས་གཞི་སྤེལ་བར་བརྟེན། བོད་རིགས་སྡེ་བ་གཉིས་ནས་ཆུ་ཁ་བསྒྱུར་མི་ཆོག་ཅེས་བཀག་འགོག་བྱེད་སྐབས། ཉེན་རྟོག་ཁང་གིས་སྲིད་གཞུང་གི་བྱ་བར་གནོད་སྐྱོན་བཟོ་བ་ཞེས་པའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བྱས། སྐབས་དེར། བོད་མི་ཚོས་ཆུ་ཁ་སྒྱུར་བའི་ལས་གཞི་དེར་བཀག་འགོག་ཆེན་པོ་བྱས་མཐར། ས་གནས་ཉེན་རྟོག་པ་དང་དམག་མིས་དྲག་གནོན་བྱས་ཏེ། བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། ཧ་ལམ་བོད་མི་བདུན་ཅུ་ལྷག་འཛིན་བཟུང་བྱས། དེ་དག་གི་ཁྲོད་ནས་མི་སུམ་ཅུ་སོ་བཞི་ལོ་ན་རྒན་པ་དང་བྱིས་པ་ཡིན་སྟབས་ཕྱིར་གློད་ཡོད་ཀྱང་ལྷག་མ་རྣམས་མ་གློད་འདུག

ཟླ་༩ཚེས་༩ཉིན་དཔའ་ལོང་རྫོང་གི་བོད་མི་བཅུ་ལོ་གཅིག་དང་ཕྱེད་ཀའི་རིང་འཛིན་བཟུང་བཀག་ཉར་བྱས་རྗེས་ཁྲིམས་ཐག་གཅོད་འགོ་བརྩམས་འདུག་ཅིང་། ས་གནས་མང་ཚོགས་ཀྱིས་ཁྲིམས་ཐག་དེ་ནི་དྲང་བདེན་དང་ཁྲིམས་མཐུན་ཞིག་མིན་པ་དང་། ས་གནས་དཔོན་རིགས་ཚོས་ངན་འབྲེལ་བྱས་པ་རེད་ཅེས་མ་དགའ་བའི་རྣམ་འགྱུར་ཤུགས་ཆེར་སྟོན་བཞིན་ཡོད་པ།

འདི་གར་གསར་ཁང་ལ་འབྲེལ་ཡོད་མི་སྣ་ཞིག་བརྗོད་དོན། དཔའ་ལོང་རྫོང་གི་རྫོང་དཔོན་ནི་རྒྱ་ཁ་ཆེ་བ་ཞིག་ཡིན་པ་དང་། ཁོ་རྫོང་དཔོན་དུ་བསྡད་པ་ནས་བཟུང་། བོད་སྡེ་གཉིས་ཀྱི་རྒྱུགས་ཆུ་དེ་རྒྱ་ཁ་ཆེའི་སྡེ་བར་འཐེན་པའི་འཆར་གཞི་མང་པོ་ལག་བསྟར་བྱས། རྒྱུགས་ཆུ་དེར་བརྟེན་ཡོད་པའི་བོད་མི་ཚོར་བསམ་བློ་གཏོང་གི་མེད། ཁོས་དམག་མི་བཀོལ་ཏེ་ཆུ་ཁ་སྒྱུར་བའི་ལས་གཞི་དེ་བརྩམས་ཏེ། བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། བོད་མི་བཅུ་ལྷག་འཛིན་བཟུང་བྱས། ཟླ་༩་ཚེས་༤ཉིན། འཛིན་བཟུང་བྱས་པའི་བོད་མི་བཅུ་གསུམ་ལ་ཁྲིམས་ཐག་བཅད་ཡོད་ཅིང་། ས་གནས་མང་ཚོགས་ཀྱིས་མི་དགའ་བའི་རྣམ་འགྱུར་ཤུགས་ཆེར་སྟོན་བཞིན་འདུག དེ་ནས་བོད་མི་མང་པོ་ཞིག་གིས་འདི་ལྟར་བརྗོད་ཀྱིན་འདུག དོན་རྐྱེན་འདི་བྱུང་བ་ནས་བཟུང་། ས་གནས་སྲིད་གཞུང་གིས་བོད་མི་ཚོར་ཁྲིམས་ཐག་གཅོད་པ་འདི་ནི། དཔོན་རོགས་ཕན་ཚུན་ངན་འབྲེལ་བྱས་ཏེ་དྲང་བདེན་མ་བྱས་པ་ཞིག་ཡིན་སྐོར་ཤུགས་ཆེར་བརྗོད་ཀྱི་འདུག

ཁོང་གིས་མུ་མཐུད་ནས་འབྲེལ་བརྗོད་གནང་དོན། ས་གནས་གཞུང་ཕྱོགས་ནས་བོད་མི་རྣམས་ལ་ནམ་རྒྱུན་མཐོང་ཆུང་དང་ཁྱད་གསོད་འདྲ་མིན་བྱེད་ཀྱི་ཡོད་པ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་དང་བོད་ཡིག་སྦྱོང་བའི་འཛིན་གྲྭ་འཚོགས་པ། ཁོར་ཡུག་སྲུང་སྐྱོབ་དང་སྐད་དང་རིག་གནས་སོགས་ཀྱི་ཐད་ནས་ཀྱང་གཞུང་ཕྱོགས་ཀྱིས་སྟངས་འཛིན་བྱེད་ཀྱི་ཡོད་པར་མ་ཟད། ཐ་ན་ཆབ་སྲིད་ཀྱི་ཞྭ་མོ་གཡོགས་ཏེ་བཙོན་དུ་འགྲོ་དགོས་པ་དང་། ༼ཏཱ་ལའི་རུ་ཚོགས།༽ལ་འབྲེལ་བ་ཡོད་མེད་ཀྱི་དོགས་འདྲི་ཡང་ཡང་བྱེད། ཉེ་ཆར་ཁྲིམས་ཐག་བཅད་ཡོད་པའི་བོད་མི་དེ་ཚོར་མཚོན་ནའང་། འཛིན་བཟུང་བཀག་ཉར་བྱས་པའི་སྐབས་སུ་དོགས་འདྲི་སྣ་ཚོགས་བྱས་ཡོད་ངེས་ལ། གཞུང་ཕྱོགས་ནས་བོད་མི་དེ་ཚོས་དམག་མི་ལ་དྲག་པོས་ངོ་རྒོལ་བྱས་སོང་ཞེས་ཁ་གཡར་ཏེ་ཉེས་ཆད་ལྕི་མོ་གཅད་ཡོང་སྙམ་ཏེ་ས་གནས་བོད་མི་ཚོས་སེམས་ཁྲལ་གནང་གི་འདུག

མཚོ་སྔོན་ཞིང་ཆེན་ཆེས་མཐོའི་ཁྲིམས་ཁང་གིས་གནས་ཚུལ་སྤེལ་དོན། དོན་རྐྱེན་འདི་དང་འབྲེལ་བའི་ཞུ་གཏུགས་བྱེད་མཁན་མང་བས། དོན་རྐྱེན་འདི་ལ་ཤུགས་རྐྱེན་ཐེབས་ཀྱི་འདུག་ལ་རྙོག་དྲའང་ཆེ་རུ་འགྲོ་བཞིན་འདུག ད་དུང་ཟུར་ཉན་དུ་ཕེབས་པའི་གཉེན་ཉེ་དང་ཁྱིམ་མིའང་ཧ་ཅང་མང་བའི་དབང་གིས་ཁྲིམས་ཐག་གཅོད་པའི་ཐད་ལ་གནོན་ཤུགས་ཆེན་པོ་འདུག དེར་བརྟེན། ཁྲིམས་ཁང་དང་ཉེན་རྟོག་པའི་ངོ་ནས་མི་ཞེ་ལྔ་བདེ་འཇགས་ཀྱི་ཆེད་དུ་ཡོད་ཅིང་། ཉིན་གཉིས་རིང་ལ་ཁྲིམས་ཐག་ཅི་ཡིན་གྱི་ཐག་གཅོད་བྱས་ཏེ་ཕྱིར་བསྒྲག་བྱ་རྒྱུ་ཡིན། ཞེས་བཀོད་འདུག