20
Sat, Apr

སྲིད་བྱུས་དང་ཉེས་མིང་གསར་པ་འདྲ་མིན་འོག་བཙན་རྒྱལ་རྒྱ་ནག་གཞུང་གིས་བོད་མིར་འཇིགས་སྐུལ་དང་དམ་དྲག རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

"ནག་ཚོགས་སྟོབས་ཤུགས་ཀྱི་ཉེས་གསོག་གྱོད་གཞིའི་ཁུངས་སྣེ་ཐེར་འདོན་བྱེད་དགོས་རྒྱུའི་སྐོར་གྱི་ལྗོངས་སྤྱི་བདེ་ཐིང་གི་བརྡ་ཁྱབ་"ཅེས་པ་བཙན་རྒྱལ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ཡོངས་རྫོགས་ལ་འགྲེམས་སྤེལ་བྱས་ཏེ་བོད་ནང་གི་བོད་མི་ཚོ་ལ་སྲིད་བྱུས་དང་ཉེས་མིང་འདྲ་མིན་འོག་བསམ་ཡུལ་ལས་འདས་པའི་དམ་དྲག་དག་འཇིགས་སྐུལ་བྱས་དང་བྱེད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

"ནག་ཚོགས་སྟོབས་ཤུགས་ཀྱི་ཉེས་གསོག་གྱོད་གཞིའི་ཁུངས་སྣེ་ཐེར་འདོན་བྱེད་དགོས་རྒྱུའི་སྐོར་གྱི་ལྗོངས་སྤྱི་བདེ་ཐིང་གི་བརྡ་ཁྱབ་"ཅེས་པའི་རྒྱ་ནག་དམར་གཞུང་གིས་ཡིག་ཆ་ཁག་གི་ངོ་བཤུས།གཤམ་དུ་གཟིགས།

"""""ནག་ཚོགས་སྟོབས་ཤུགས་ནི་དཔལ་འབྱོར་སྤྱི་ཚོགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བའི་འགོག་རྐྱེན་ཆེན་པོ་ཞིག་དང་མང་ཚོགས་ཀྱིས་ཁོང་ཁྲོ་བྱེད་གནས་གཙོ་བོ་ཞིག་ཡིན་པས་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས་ངེས་ཡིན། ༢༠༡༨ལོའི་ཟླ་བ་དང་པོའི་ཚེས༡༡ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཁྱོན་ལ་བཏང་བའི་ནག་སེལ་གཤེད་གཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི་དགོངས་དོན་གཞིར་བཟུང༌། ནག་སེལ་གཤེད་གཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་ནས་མི་དམངས་བདེ་སྡོད་ལས་ཞེན་ཡོང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་སྲུང༌། རྒྱལ་ཁབ་ཡུན་རིང་བདེ་འཁོད་མངོན་འགྱུར་བཅས་ཡོང་བ་བྱ་ཆེད། རྒྱ་ཆེའི་མང་ཚོགས་ཚོས་ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་གྱོད་གཞིའི་ཁུངས་སྣེ་གང་མང་མཁོ་འདོན་ཡོད་པ་ཞུ། ཁུངས་སྣེ་ཐེར་འདོན་གྱི་འབྲེལ་ཡོད་ནང་དོན་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།

དང་པོ། ཐེར་འདོན་བྱེད་དགོས་པའི་རིགས།

༡ ༽ཆབ་སྲིད་བདེ་འཇགས་དང་ལྷག་པར་དུ་སྲིད་དབང་གི་བདེ་འཇགས་དང་ལམ་ལུགས་ཀྱི་བདེ་འཇགས་བཅས་ལ་ཉེན་ཁ་བཟོ་བ། དེ་བཞིན་ཆབ་སྲིད་ཁྱབ་ཁོངས་ནང་སིམ་འཛུལ་བྱེད་མཁན་གྱི་ནགས་ཚོགས་སྟོབས་ཤུགས།
༢ ༽ཏཱ་ལའི་རུ་ཚོགས་དབར་ཕན་ཚུན་ངན་འབྲེལ་བྱེད་པ་དང་རྒྱང་རིང་ཚོད་འཛིན་བཀོད་འདོམས་དང་ལེན་བྱེད་མཁན། ཁ་ཕྲལ་གཏོར་བཤིག་བྱེད་སྒོའི་ནང་ཐེ་ཞུགས་དང་གཏོར་བཤིག་བྱེད་སྒོའི་ནང་ཞུགས་མཁན་ནག་ཚོགས་སྟོབས་ཤུགས།
༣ ༽དགོན་སྡེ་རྒྱབ་རྟེན་དུ་བྱས་ནས་ཆོས་ལུགས་སྤྱད་དེ་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཁ་གཏད་དུ་ལངས་རྒྱུར་མགོ་སྐོར་སླུ་བྲིད་དང་ངན་སྐུལ་བྱེད་མཁན། གཞི་རིམ་སྲིད་འཛིན་དང་ཁྲིམས་འཛིན། སློབ་གསོ་སོགས་ཀྱི་ལས་དོན་ལ་འགོག་རྐྱེན་བཟོ་མཁན་གྱི་ནག་ཚོགས་སྟོབས་ཤུགས།
༤ ༽རིགས་སྣ་ཚོགས་ཀྱི་ཁྲིམས་འགལ་རྩ་འཛུགས་དབར་འབྲེལ་བ་དམ་ཟབ་བྱས་ནས་ཕན་ཚུན་ངན་འབྲེལ་བྱས་ཐོག་མང་ཚོགས་ལ་དབུ་མའི་ལམ་དང་ཕ་སྐད་སྲུང་སྐྱོང་བྱེད་རྒྱུ་སོགས་ལོག་སྤྱོད་ཀྱི་བསམ་བློ་དང་གུ་དོག་གི་མི་རིགས་རིང་ལུགས་ཀྱི་བསམ་བློ་དྲིལ་བསྒྲགས་བྱེད་མཁན་གྱི་ནག་ཚོགས་སྟོབས་ཤུགས།
༥ ༽དཔལ་འབྱོར་དང་དམངས་འཚོ། ཁོར་ཡུག་སྲུང་སྐྱོང༌། དམངས་སྲོལ། རིག་གནས་སོགས་ལ་བརྟེན་ནས་ཕྱི་ཚུལ་ནས་མང་ཚོགས་ཀྱི་ཚབ་བྱེད་ཡིན་ཁུལ་བྱེད་པ་དང་དོན་དངོས་ཐོག་ཏཱ་ལའི་རུ་ཚོགས་དང་ཕྱི་རྒྱལ་དགྲ་འཛིན་སྟོབས་ཤུགས་ཀྱི་ཚབ་བྱེད་མཁན་གྱི་ནག་ཚོགས་སྟོབས་ཤུགས།
༦ ༽ཁྲིམས་འགལ་ངང་ཞལ་འདེབས་བསྡུ་ལེན་དང་མ་དངུལ་བསྡུ་རུབ། དངུལ་ཆད་གཏོང་བ། མང་ཚོགས་ཀྱི་ལག་ནས་བཙན་ཤེད་ཐོག་ཞལ་འདེབས་བསྡུ་བ། གོ་སྐབས་སྤྱད་ནས་རྒྱུ་ནོར་བསྡུ་ལེན་བྱེད་པ་བཅས་མ་ཟད་ཏཱ་ལའི་རུ་ཚོགས་ལ་མ་དངུལ་མཁོ་འདོན་བྱེད་མཁན་གྱི་ནག་ཚོགས་སྟོབས་ཤུགས།
༧ ༽གཞི་རིམ་སྲིད་དབང་བཙན་སྐྱོང་དང་གྲོང་གསེབ་དཔལ་འབྱོར་གྱི་ཐོན་ཁུངས་སྒེར་སྤྱོད། མཉམ་སྡེབ་དཔལ་འབྱོར་ཧམ་ཟ་བྱེད་མཁན་གྱི་གྲོང་དཔོན་ངན་པ་སོགས་ཀྱི་ནག་ཚོགས་སྟོབས་ཤུགས།
༨ ༽མགོ་སྐོར་དང་ལྐོག་རྔན་སྤྲོད་པ། འཇིགས་སྐུལ་དང་དྲག་ཤུགས་སོགས་ཀྱི་ཁྲིམས་འགལ་བྱ་ཐབས་སྤྱད་དེ་གཞི་རིམ་གྱི་སྐབས་བརྗེའི་འདེམས་བསྐོར་ཚོད་འཛིན་བྱེད་མཁན་དང༌། འགོག་རྐྱེན་བཟོ་མཁན། གཏོར་བཤིག་གཏོང་མཁན་བཅས་ཀྱི་ནག་ཚོགས་སྟོབས་ཤུགས།
༩ ༽ཆོས་ལུགས་དང་ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་སྤྱད་དེ་གྲོང་གསེབ་དུ་རང་སྣང་གང་དྲན་བྱེད་པ་དང་ཡུལ་ཕྱོགས་གཅིག་ཏུ་སོ་སོའི་གང་བྱས་ཡིན་པ། མང་ཚོགས་ལ་བརྙས་བཅོས་དང་མནར་བཅོས་གཏོང་མཁན་གྱི་གྲོང་མི་ཧམ་ཆེན་སོགས་ནག་ཚོགས་སྟོབས་ཤུགས།
༡༠ ༽ཆོས་ལུགས་དང་ཁྱིམ་རྒྱུད་སྟོབས་ཤུགས་སྤྱད་ཐོག་ས་མཚམས་གཏན་འཁེལ་དང༌། རྩྭ་ར་དང་དབྱར་རྩྭ་དགུན་འབུ། དངུལ་བུན་སོགས་དམངས་ཁྲོད་ཀྱི་འགལ་ཟླ་རྩོད་གླེང་ལ་ཁྲིམས་འགལ་ངང་ཐེ་ཇུས་དང་དེར་འགོག་རྐྱེན་བཟོ་བ། ས་འོག་ཁྲིམས་སྐྱོང་རུ་ཁག་འཁྲབ་ནས་གཞི་རིམ་སྲིད་འཛིན་དང་ཁྲིམས་འཛིན་ནང་ཐེ་ཇུས་དང་དེར་འགོག་རྐྱེན་བཟོ་བའི་ནག་ཚོགས་སྟོབས་ཤུགས།
༡༡ ༽ས་ཆ་བསྡུ་སྤྱོད་དང༌། ས་ཆ་བོགས་གཏོང༌། བཤིག་སྤོ། ལས་གྲྭའི་རྣམ་གྲངས་སོགས་ཀྱི་བརྒྱུད་རིམ་ནང་ཁྲིམས་འགལ་གྱི་ཁེ་ཕན་ཧམ་ལེན་དང་ཟང་ཟིང་ངན་སྐུལ་བྱེད་མཁན་གྱི་ནག་ཚོགས་སྟོབས་ཤུགས།
༡༢ ༽འཛུགས་སྐྲུན་ལས་གྲྭ་དང་འགྲིམ་འགྲུལ་སྐྱེལ་འདྲེན། གཏེར་འདོན་ཐོན་ཁུངས་སོགས་ཀྱི་ལས་རིགས་དང་ཁྱབ་ཁོངས་ནང་ལས་གྲྭ་བཙན་ལེན་དང༌། ངན་སེམས་བཅངས་ཏེ་འགྲན་རྩོད་བྱེད་པ། ཁྲིམས་འགལ་ངང་ས་ཆ་བཟུང་བ། གང་བྱུང་དུ་བྱེ་རྡོ་སྔོག་འདོན་བྱེད་པ། ཐོན་ཁུངས་ཧམ་བཟུང་བྱེད་པ། ཚོང་གཉེར་སྒེར་བཟུང་ངམ་ཡང་ན་བཙན་ཤེད་ཐོག་ཉོ་ཚོང་བྱེད་དུ་འཇུག་པ། འགྲོ་ལམ་བཀག་ནས་འགྲོ་དངུལ་བསྡུ་བ།
བཙན་ཤེད་ངང་སྒྲིག་ཆས་དང་མི་སྣ་བསྡུ་སྤྱོད་བྱེད་པ་སོགས་དང༌། ལས་གྲྭ་འཛུགས་སྐྲུན་ཁྲོད་བྱེ་རྡོ་ཧམ་བཟུང་དང༌། སྐྱེལ་འདྲེན་ཧམ་བཟུང༌། འགྲོ་ལམ་ཧམ་བཟུང་སོགས་བྱས་ནས་ལས་གྲྭའི་འཕེལ་རིམ་ལ་འགོག་རྐྱེན་བཟོ་མཁན་ནག་ཚོགས་སྟོབས་ཤུགས།
༡༣ ༽ཉོ་ཚོང་ཁྲོམ་ར་དང་སྡེབ་ཚོང་ཁྲོམ་ར། རླངས་འཁོར་འབབ་ཚུགས། གནམ་ཐང༌། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་སྤྱི་པའི་ཁུལ་གྱི་ཚོང་གྲོགས་ལ་བརྙས་བཅོས་དང༌། ཚོང་ར་ཧམ་བཟུང་བྱེད་པ། བཙན་ཤེད་ཐོག་ཉོ་ཚོང་བྱེད་དུ་འཇུག་པ། སྲུང་སྐྱོང་གི་རིན་པ་བསྡུ་བའི་ཁྲོམ་ར་ཧམ་བཟུང་དང་ལས་རིགས་ཧམ་བཟུང༌། ཞིང་ཟོག་ཁྲོམ་ར་ཧམ་བཟུང༌། ཤ་ཚོང་ཁྲོམ་ར་ཧམ་བཟུང་སོགས་བྱེད་མཁན་གྱི་ནག་ཚོགས་སྟོབས་ཤུགས།
༡༤ ༽འཆལ་རྒྱན་དུག་གསུམ་མགོ་འདྲེན་དང་ཚོང་གཉེར་སོགས་ཁྲིམས་འགལ་བྱེད་སྒོ་སྤེལ་མཁན་གྱི་ནག་ཚོགས་སྟོབས་ཤུགས།
༡༥ ༽ཁྲིམས་འགལ་ངང་དངུལ་བུན་སྟོང་པ་དང་སློབ་ཕྲུག་ལ་དངུལ་བུན་གཏོང་བ་སོགས་བརྒྱུད་སྐྱེད་ཀ་མཐོ་བའི་དངུལ་བུན་གཏོང་བ་དང༌། དྲག་ཤུགས་ལ་བརྟེན་ནས་དངུལ་བུན་བསྡུ་ལེན་བྱེད་མཁན་གྱི་ནག་ཚོགས་སྟོབས་ཤུགས།
༡༦ ༽དམངས་ཁྲོད་ཀྱི་འགལ་ཟླར་ཐེ་ཇུས་བྱས་ཏེ་ས་འོག་ཁྲིམས་སྐྱོང་རུ་ཁག་འཁྲབ་མཁན་ནག་ཚོགས་སྟོབས་ཤུགས།
༡༧ ༽དྲ་བའི་ཆུ་དམག་ཟེར་བ་སྒྲིག་འཛུགས་བསྡུ་སྤྱོད་བྱས་ནས་དྲ་བའི་ཐོག་འཇིགས་སྐུལ་དང་བརྙས་བཅོས། སྐྱོན་འདོགས། ཟིང་སློང་སོགས་བྱེད་མཁན་གྱི་ནག་ཚོགས་སྟོབས་ཤུགས།
༡༨ ༽སྐད་འཕྲིན་ཚོགས་པ་དང་དྲ་བའི་གླེང་སྟེགས་སོགས་བཙུགས་ནས་དྲ་བའི་ཐོག་ཕན་ཚུན་ངན་འབྲེལ་བྱེད་པ་མ་ཟད་ལྐོག་ཏུ་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་མཁན་གྱི་ནག་ཚོགས་སྟོབས་ཤུགས།
༡༩ ༽ཁྲིམས་འགལ་ངང་མ་དངུལ་བསྡུ་ལེན་དང་སྐྱེལ་འདྲེན་ལས་རིགས་ཧམ་བཟུང་སོགས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྤེལ་ནས། དཔལ་འབྱོར་གྱི་ཁེ་ཕན་གཡོ་ལེན་ཧམ་འཕྲོག་བྱས་ནས་དྲང་བཞག་འགྲན་རྩོད་ཀྱི་སྒྲིག་ལམ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོ་མཁན་གྱི་ནག་ཚོགས་སྟོབས་ཤུགས།
༢༠ ༽རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་གོ་གནས་སྤྱད་དེ་ནག་ཚོགས་སྟོབས་ཤུགས་ཀྱི་ཉེས་གསོག་འགེབས་སྲུང་དང་རྒྱ་ཡན་དུ་བཏང་ནས་ནག་ཚོགས་སྟོབས་ཤུགས་ཀྱི་འགེབས་སྲུང་པ་བྱེད་མཁན།
༢༡ ༽བཙན་ཤེད་ཐོག་ཉོ་ཚོང་བྱེད་དུ་འཇུག་པ་དང༌། བསྙད་འདོགས་རྒྱུ་ལེན། བསྙད་རྐོ་ཟིང་སློང༌། མི་མང་མཉམ་རུབ་ཀྱིས་འཛིང་རྩོད་བྱེད་པ། ཁྲིམས་འགལ་ངང་ལྐོག་ཉར་བྱེད་པ། རྐང་བཙུགས་ནས་རྒྱུ་དངོས་ལ་གཏོར་བཤིག་གཏོང་བ། སྨད་འཚོང་སྒྲིག་འཛུགས་བྱེད་པ། བཙན་ཤེད་ཐོག་གཞང་འཚོང་དུ་འཇུག་པ། རྒྱན་འཛུགས་ཁང་བཙུགས་པ་སོགས་ངན་རིགས་དང་འབྲེལ་བ་ཡོད་པའི་ཉེས་གསོག་པ།
༢༢ ༽དེ་མིན་གྱི་ནག་ཚོགས་དང་བྱ་ངན་དབར་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་བཅས་ཡིན།

གཉིས་པ། ཐེར་འདོན་བྱེད་ཐབས།
༡ ༽ས་གནས་ས་ཐོག་གི་ཐེར་འདོན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་རྒྱུད་ལམ་སྒོ་རྟགས ༣༥ ཡི་ནང་གནས་པའི་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཆེན་ཁོངས་གཏོགས་སྒྲིག་འཛུགས་ཡོད་པའི་ཉེས་གསོག་མྱུལ་ཞིབ་ཡན་ལག་རུ་ཁག་ལ་ཐད་ཀར་བསྐྱོད་དེ་ཐེར་འདོན་བྱས་ན་ཆོག་ལ། གྲོང་ཁྱེར༼ས་ཁུལ༽ཁག་གི་སྤྱི་བདེ་ཅུད་དང་ཁྲུའུ་ཡི་ཉེས་དོན་མྱུལ་ཞིབ་ཡན་ལག་རུ་ཁག་ལ་བསྐྱོད་དེ་ཐེར་འདོན་བྱས་ན་ཡང་ཆོག
༢ ༽ཐེར་འདོན་ཁ་པར་ཨང་གྲངས། མང་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་ཐེར་འདོན་དང་ལེན་ཁ་པར་བརྒྱུད་ཐེར་འདོན་བྱེད་ཆོག ནག་སེལ་གཤེད་གཅོམ་བྱེད་རྒྱུ་ནི་མི་དམངས་ཀྱི་དམག་འཁྲུག་ཞིག་ཡིན་པས་ངེས་པར་དུ་མི་དམངས་མང་ཚོགས་ཀྱིས་ཧུར་བརྩོན་ངང་ཐེ་ཞུགས་བྱེད་པར་བརྟེན་དགོས་པས། རྒྱ་ཆེའི་མང་ཚོགས་ཚོས་ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱས་པའི་ཁུངས་སྣེ་ཐེར་འདོན་ཧུར་ཐག་བྱས་ཐོག་ནག་ཚོགས་སྟོབས་ཤུགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས། ཉེས་གསོག་གི་ཁུངས་སྣེ་མཁོ་འདོན་བྱེད་མཁན་མང་ཚོགས་ལ་སྤྱི་བདེ་ལས་ཁུངས་ནས་ཁྲིམས་གཞིར་བཟུང་ཆ་འཕྲིན་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་རྒྱུ་དང༌། ངན་སེམས་བཅངས་ནས་ཐེར་འདོན་དང་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱས་ཚེ། ཁྲིམས་བཞིན་ཐེར་འདོན་བྱེད་མཁན་གྱི་ཁྲིམས་ལུགས་འགན་འཁྲི་རྩད་གཅོད་བྱེད་རྒྱུ། ཐེར་འདོན་བྱེད་མཁན་ལ་འཁོན་ལན་སློག་ཚེ་ཁྲིམས་གཞིར་བཟུང་ཐག་གཅོད་ནན་པོ་བྱེད་རྒྱུ། །

བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང༌། ༢༠༡༨ ལོའི་ཟླ ༢ ཚེས ༧ ཉིན།"""""