18
Thu, Apr

ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ལ་ཕེབས་པའི་ཚོགས་བཅར་བ་ ༡༩༠ ལ་བཀའ་སློབ་སྩལ་ཡོད་པ་རེད། དེ་ཡང་ཞོགས་པ་ཆུ་ཚོད་བདུན་པ་ཙམ་ནས་བོད་རིགས་དང་ཧི་མ་ལའི་རི་རྒྱུད་མི་རིགས། རྒྱ་གར་བ་སོགས་མི་མང་དག་ཅིག་ལ་མཇལ་ཁ་གནང་བ་སོགས་མཛད་འཕྲིན་བསྐྱངས་ཡོད་པ་དང་། ཆུ་ཚོད་ ༩།༣༠ ཙམ་ལ་རྒྱ་གར་གྲོས་ཚོགས་གོང་འོག་གི་ཆབ་སྲིད་ཚོགས་པ་འདྲ་མིན་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ཁག་བཞུགས་སྒར་དྷརྨ་ཤཱ་ལར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་དུ་མཇལ་ཞུར་བཅར་ཞུས་ཡོད་པ་དང་།   སྐབས་དེར་༸གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་གྲོས་ཚོགས་འཐུས་མི་རྣམས་དྷ་སར་ཕེབས་པར་འཚམས་འདྲི་དང་འབྲེལ།  ཆབ་སྲིད་ཚོགས་པ་གང་ནས་ཡིན་མིན་ཐུགས་ཞིབ་མཛད་སྐབས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གུས་བརྩི་དང་སྦྲགས་དགའ་སྣང་གི་ཚོར་བ་ཆེན་པོས་བཀའ་ལན་ཕུལ།   དེ་ཡང་ཁོང་རྣམས་ནི་གྲོས་ཚོགས་འོག་མའི་ Lok Sabha བྷི་ཇེ་པི་ BJP ཆབ་སྲིད་ཚོགས་པའི་འཐུས་མི་ལག་ཤི་མི་ན་ར་ཡན་ཡ་ཌབ་ Laxmi Narayan Yadav མཆོག་དང་།  གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པྲ་སནནཱ་པ་ཏ་ས་ནི་ Dr. prasanna Patasani མཆོག  མ་ཧཱ་རཱཤཊ་ Maharashtra མངའ་སྡེའི་ལ་ཏུར་ Latur གྲོང་ཁྱེར་ནས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སུ་ནིལ་གྷེཀ་ཝཌ་ Sunil Gaikwad མཆོག  དེ་བཞིན་ཤིབ་སེ་ན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སོགས་ཡོད་འདུག་པ་དང་།  སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན་དུ་ཕྱི་ལོ་ ༡༩༦༠ ལོར་རྒྱ་གར་གཞུང་གིས་མགོན་པོ་མཆོག་ལ་བཞུགས་སྒར་དྷརྨ་ཤཱ་ལར་བཞུགས་གནས་ཕོ་བྲང་འབུལ་ལམ་ཞུས་པ་ནས་བཟུང་ད་བར་གཏན་འཇགས་བཞུགས་གནས་ལྟ་བུ་ཆགས་ཡོད་སྟབས་ཕ་ཡུལ་གཉིས་པར་བརྩི་བཞིན་ཡོད་སྐོར་སོགས་བཀའ་སློབ་སྩལ།

ཆུ་ཚོད་༡༡།༣༠ ཙལ་མ་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲད་ཁང་དུ་ཕེབས་ཏེ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་བཅར་བ་རྣམས་ལ་བཀའ་སློབ་སྩལ་དོན།  ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་ལ་ཡོང་བ་རེད། སྐྱབས་བཅོལ་བ་དང་པོ་དེ་ལྟར་ཆགས་པ་རེད།  ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་དྲུག་ཅུ་ཙམ་འགྲོ་བཞིན་ཡོད་པ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་ང་ཚོ་རྒྱ་གར་དུ་བཙན་བྱོལ་ལ་སླེབས་ནས་འཛམ་བུ་གླིང་འདིར་བོད་ཀྱི་ཆོས་དང་རིག་གཞུང་མི་འདྲ་བ་ཞིག་ཡོད་པ་དང་། དེ་སྔ་ཕྱི་རྒྱལ་གྱི་མི་ཁ་ཤས་ཀྱིས་བླ་མའི་ཆོས་ལུགས་ཞེས་མིང་བཏགས་ཡོད་པ་ལ་བར་སྐབས་ནས་འགྱུར་བ་ཐེབས་ཏེ། བོད་ཀྱི་ནང་ཆོས་ཀྱི་ལྟ་གྲུབ་ཐོག་ནས་འགྲེལ་བཤད་བརྒྱག་སྐབས་ཚན་རིག་པ་ཚོས་དོ་སྣང་བྱེད་པ་ཞིག་དང་། ཚན་རིག་དང་མཉམ་དུ་འགྲོ་ཐུབ་པ་ཞིག་ཆགས་བསྡད་ཡོད་པ་རེད། ཚན་རིག་དང་མཐུན་པའི་ཆོས་བརྒྱུད་ཅིག་ཆགས་ཡོད་པ་ཧ་ཅང་གསལ་བོ་རེད། བོད་མི་རིགས་ཟེར་དུས་དམིགས་བསལ་གྱིས་མ་འདྲ་བ་ཞིག་ཡོད་པ་དང་། ང་ཚོ་བཙན་བྱོལ་ལ་སླེབས་ནས་འཛམ་གླིང་འདིར་ངོས་འཛིན་གསར་བ་ཞིག་བྱུང་ཡོད་པ་རེད། དེ་ཕལ་ཆེར་ང་ཚོའི་བྱས་རྗེས་རེད། མཁྱེན་སོང་ངམ། 

ང་ཚོ་བོད་མི་བཙན་བྱོལ་བ་མང་པོ་མེད་ཀྱང་བོད་མི་རིགས་ཀྱི་སྐད་ཡིག་གིས་རྩ་བ་བྱས་ཏེ་ཆོས་དང་རིག་གཞུང་ཟུར་གསལ་ཞིག་དང་། སྐད་དང་ཡི་གེ ཆ་ལུགས་སོགས་མང་པོ་ཞིག་རྒྱ་དང་ཐ་དད་ཡིན་པའི་རྣམ་པ་ཧ་ཅང་གསལ་བོ་ཞིག་འཛམ་གླིང་འདིར་མཐོང་ཡོད། དེ་དང་ཆབས་ཅིག་བོད་མི་རིགས་ནི་བཟང་པོ་དང་ཡ་རབས་བྱས་ཏེ་སྡོད་མཁན་ཞིག་རེད། ངོས་རང་ཕྱི་རྒྱལ་གྱི་མི་མང་པོ་ཐུག་བཞིན་ཡོད། མང་པོ་ཞིག་གིས་རྡ་རམ་ས་ལར་བདུན་ཕྲག་གཅིག་གཉིས་སྡོད་རིང་སྐྱིད་ཤོས་བྱུང་། བོད་པའི་དཀྱིལ་ལ་འདྲིས་ནས་སྡོད་དུས་བོད་པ་ཚོ་རང་བཞིན་གྱིས་འཛུམ་ཤིག་ཤིག་དང་བྱམས་བརྩེ་ལྡན་པ་མ་འདྲ་བ་ཞིག་འདུག་ཅེས་ཟེར་གྱི་འདུག དེ་བཞིན་ཉེ་ཆར་ངོས་རང་རྒྱ་ནག་ནས་ཡོང་བའི་རྒྱ་མི་ཞིག་ལ་ཐུག་བྱུང་། ཁོས་བཤད་རྒྱུར་ཐོག་མར་རྡ་རམ་ས་ལར་ཡོང་སྐབས་བོད་པའི་དཀྱིལ་དུ་འགྲོ་བཞིན་ཡོད་པ་རེད། རྣམ་འགྱུར་ག་འདྲ་ཞིག་སྟོན་གྱི་ཡོད་ན་བསམ་བྱུང་། འདིར་སླེབས་ནས་ཉིན་བཅུ་གྲངས་ཤིག་གི་རིང་ལ་བོད་པ་རྣམས་གྲོགས་པོའི་རྣམ་འགྱུར་ཡོད་པ་དང་། འཛུམ་ཤིག་ཤིག་ཧ་ཅང་ཡག་པོ་འདུག་ཅེས་ཟེར། ཁོ་རང་གི་བསམ་བློའི་ནང་དུ་བོད་པས་རྣམ་འགྱུར་ངན་པ་བསྟན་མི་ཡོང་ངམ་བསམ་བྱུང་ཡང་དེ་འདྲ་ཁྱོན་ནས་མི་འདུག་ཅེས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག གང་ལྟར་བོད་མི་རིགས་ཟེར་དུས་མ་འདྲ་བ་ཞིག་ཡོད་པ་དང་། དེང་སང་རྒྱ་རིགས་ཀྱི་ནང་དུའང་དོ་སྣང་ཤུགས་ཆེ་རུ་ཆེ་རུ་འགྲོ་བཞིན་འདུག 

ཉེ་སྔོན་ལན་ཀྲིག་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་ངོས་ལ་ཐུག་སོང་། ཁོང་གིས་བཤད་ན་རྒྱ་ནག་གི་སློབ་གྲྭ་ཆེན་མོ་ཁ་ཤས་ཀྱི་ནང་དུ་རྒྱ་གར་ནས་བཟོས་པའི་དེབ་སླེབས་ཀྱི་ཡོད་འདུག་པ་དང་། མཁས་དབང་རེ་གཉིས་ཀྱིས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་ཚན་རིག་དང་མཉམ་དུ་འགྲོ་མཁན་ཞིག་རེད་འདུག་ཅེས་དམིགས་བསལ་གྱིས་དོ་སྣང་བྱེད་པ་དང་། བོད་ཀྱི་ཆོས་ལ་དོ་སྣང་སླེབས་པ་དང་བོད་ཡིག་སྦྱོང་རྒྱུར་ཐབས་ཤེས་བྱེད་ཀྱི་འདུག་ཅེས་ཟེར། དེ་དག་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་ཡིན་འདུག ང་ཚོ་བཙན་བྱོལ་བ་ཆགས་ཏེ་རང་གི་ལུང་པར་བྲལ་ནས་ཡོད་ཀྱང་། འཛམ་གླིང་འདིར་བོད་ཅེས་པ་ཇི་འདྲ་ཞིག་ཡིན་པ་ངོ་སྤྲོད་ཆ་ཚང་བྱེད་ཐུབ་ཡོད་པ་རེད། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རིང་ནས་བཟུང་སྔོན་གྱི་ཆོས་རྒྱལ་ལོ་པཎ་དག་གིས་བོད་ཀྱི་རིག་གཞུང་མི་འདྲ་བ་ཞིག་ཚུགས་ཡོད་པ་དེ་ང་ཚོས་འཛམ་གླིང་འདིར་སྟོན་ཐུབ་པ་ཞིག་དང་། ངོས་འཛིན་གསར་བ་ཞིག་ཡོང་ཐུབ་པ་བྱུང་ཡོད། 

ཆབ་སྲིད་ཀྱི་ཐོག་ནས་བཤད་པ་ཡིན་ན་ཕྱི་ལོ་༡༩༥༩ ལོར་རྒྱ་གཞུང་གིས་དྲག་གནོན་བྱས་པ་རེད། ཕྱི་ལོ་ ༡༩༥༦ ནས་ཟ་ངེ་ཟིང་ངེ་མགོ་ཚུགས་པ་རེད། དྲག་གནོན་ཤུགས་ཆེ་རུ་ཕྱིན་ནས་བོད་ས་ཁུལ་ཡོངས་སུ་ཁྱབ་ནས་མཐའ་མ་ ༡༩༥༩ ལོར་ལྷ་སར་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་པོ་ཐོན། རྒྱ་མི་ལ་མཐའ་གཅིག་ཏུ་དྲག་གནོན་བྱེད་རྒྱུ་མ་གཏོགས་བསམ་བློ་གཞན་མེད་པ་དང་། མཐར་ངོས་རང་གི་སྲོག་ཡང་ག་རེ་བྱེད་ཡོང་བསམ་པ་ཞིག་བྱུང་། 

དེ་ཡང་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ལ་ལྷ་སར་ཟང་ཟིང་བྱུང་བ་རེད། ཚེས་ ༡༠ ནས་ ༡༧ བར་ཉིན་ཁ་ཤས་རིང་ངོས་ནས་འབད་བརྩོན་ཆེན་པོ་བྱས་པ་ཡིན། ལྷ་སའི་མི་མང་དང་ཆུ་བཞི་སྒང་དྲུག་གི་ཁུངས་བྱས་པའི་མི་ཧ་ཅང་མང་པོ་ཞིག་ནོར་བུ་གླིང་གར་འབྱོར་བ་རེད། ཕྱི་ལོ་ ༡༩༥༦ ལ་ཁམས་ལ་ཟང་ཟིང་བྱུང་བ་དང་། ཕྱི་ལོ་ ༡༩༥༧ ལ་མདོ་སྨད་དུ་ཟང་ཟིང་བྱུང་བའི་རྐྱེན་གྱིས་མདོ་སྟོད་སྨད་ནས་བོད་པ་མང་པོ་ཞིག་ལྷ་སར་འབྱོར་བསྡད་ཡོད་པ་རེད།  ཟླ་ ༣ ཚེས་ ༡༠ ཉིན་རྒྱ་མིའི་བཅིངས་འགྲོལ་དམག་མིའི་དམག་སྒར་དུ་ཟློས་གར་འཁྲབ་རྒྱུ་བྱས་ཏེ་ངོས་རང་དེར་འགྲོ་རྒྱུ་གཏན་འཁེལ་ཡོད། ཡིན་ནའང་། ༸རྒྱལ་བ་རིན་པོ་ཆེ་བཅིངས་འགྲོལ་དམག་མིའི་དམག་སྒར་དུ་སླེབས་རྗེས་ག་རེ་བྱས་ཡོང་ཞེས་བོད་པ་ཚོས་ཞེད་སྣང་བྱས་པ་རེད། དེ་དུས་མི་འདྲ་བ་ཞིག་ཀྱང་བྱུང་ཡོད། སྐུ་སྲུང་དམག་མི་དང་མདའ་དཔོན་ཕུན་ཚོགས་བཀྲ་ཤིས་སོགས་ངོས་རང་ནམ་རྒྱུན་ཡར་མར་འགྲོ་དུས་མཉམ་དུ་འགྲོ་བཞིན་ཡོད། མདའ་དཔོན་ཉིན་ཤས་སྔོན་ལམ་ཁ་གཡས་གཡོན་ལ་བལྟ་རུ་ཕྱིན་འདུག སྐབས་དེར་རྒྱ་མིས་མདའ་དཔོན་ལ་པོ་ཏཱ་ལའི་ཉེ་ཁུལ་དུ་ཡོད་པའི་ཟམ་པ་དེ་བརྒལ་ནས་སྐུ་སྲུང་དམག་མི་ཡོང་ཆོག་གི་མ་རེད་ཅེས་བཤད་འདུག ནམ་རྒྱུན་སྐད་ཆ་དེ་འདྲ་ཡོད་པ་མ་རེད། སྐབས་དེར་སྐད་ཆ་དེ་འདྲ་ཞིག་བྱུང་བ་རེད། ཟམ་པ་དེའི་ཚུན་ནས་འགན་ང་ཚོས་འཁུར་གྱི་རེད། བོད་པའི་སྐུ་སྲུང་ཡོང་ན་འགྲིག་གི་མ་རེད་ཅེས་བཤད་པ་རེད། དེ་ལ་མདའ་དཔོན་ཡ་མཚར་ནས་ག་རེ་ཡིན་ན་ཟེར་གྱི་འདུག དེ་གཅིག་རེད། དེ་ནས་ཚེས་ ༡༡ དང་ ༡༢ ཚེས་ ༡༣ བཅས་ཀྱི་དགོང་མོ་རེ་བཞིན་མཚོ་བོད་རླངས་འཁོར་འགྲོ་ལམ་ཞེས་པ་དེ་ནས་རྒྱ་མིའི་དམག་མི་དབོར་བ་དང་། རླངས་འཁོར་ཆེན་པོ་ཡོང་བ་དང་། མེ་སྒྱོགས་དབོར་བ་སོགས་མང་པོ་བྱུང་སོང་།  ཞེས་སོགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་མ་ཕེབས་གོང་གི་ལྷ་སའི་གནས་ཚུལ་དང་། བཙན་བྱོལ་དུ་ཕེབས་པའི་རིམ་པ། བཙན་བྱོལ་ནས་སློབ་གྲྭ་དང་གཞིས་ཆགས་ཁག དགོན་སྡེ་སོགས་རིམ་པར་བཙུགས་ཏེ་ད་ལྟ་ཧ་ཅང་ཧྲ་ཐག་ཧྲ་ཐག་ཡོད་པའི་སྐོར་དང་། བུད་མེད་རྣམས་ལ་བྱམས་བརྩེ་ཆེ་བ་ཡོད་པ་དང་དེ་བཞིན་འགན་ཁུར་དགོས་པ་སོགས་སོགས་བཀའ་སློབ་སྩལ་བ་དང་། 

གཞན་ཡང་། ང་ཚོ་བཙན་བྱོལ་བ་ཆགས་ནས་བོད་མི་རིགས་ཆགས་འཇིག་གི་མཚམས་ལ་སླེབས་པའི་སྐབས་སུ་ང་ཚོའི་མི་རབས་འདིས་དཀའ་ལས་བརྒྱབ་ཡོད་པ་རེད། ཁ་སང་ལས་བྱེད་རྒན་པ་མང་པོ་ཞིག་ལ་ཐུག་དུས་བཤད་རྒྱུ་བྱུང་། བོད་གངས་ཅན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་ཟེར་གྱི་ཡོད་པ་རེད་ལ་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཧ་ཅང་གསལ་བོ་རེད། དེར་བརྟེན་ང་ཚོའི་མི་རབས་འདིས་བོད་གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གཞུང་ཐོག་ལ་ཞབས་འདེགས་སྒྲུབ་མཁན་ཚོས་ལས་བཟང་པོ་བསགས་ཡོད། ང་ཚོས་ཚེ་འདི་ལ་ལས་བཟང་པོ་བསགས་པ་དེ་ཚེ་རབས་ནས་ཚེ་རབས་སུ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པ་ཞིག་གི་ལས་བསགས་ཡོད། ངོས་རང་གིས་ཀྱང་དེ་ལྟར་དྲན་གྱི་ཡོད། ངོས་རང་ཨ་མདོ་ཟི་ལིང་གི་གྲོང་གསེབ་ཅིག་ནས་སྐྱེས་པའི་ཕྲུ་གུ་ཞིག་ལ་༸རྒྱལ་བ་རིན་པོ་ཆེའི་མིང་ཐོགས་ཏེ་ཆོས་རྒྱལ་གོང་མ་ཚོའི་ཞབས་འདེགས་སྒྲུབ་ཀྱི་ཡོད། དེ་ཡིས་ཚེ་རབས་ནས་ཚེ་རབས་སུ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་གཟུང་གི་ཡོད་བསམ་པ་ཞིག་ལ་ངོས་རང་ལ་སྤོབས་པ་ཡོད། ཁྱོད་རང་ཚོ་ཡང་དེ་དེ་བཞིན་རེད། ངོས་དང་མཉམ་དུ་བོད་བསྟན་སྲིད་ཀྱི་དོན་དུ་དཀའ་ལས་བརྒྱབ་པའི་གྲས་རེད། དམིགས་ཡུལ་གཙོ་བོ་བོད་བསྟན་སྲིད་ཀྱི་ཆེད་ཡིན་པས་འཕགས་པ་སྤྱན་རས་གཟིགས་དང་ཐུན་མོང་མ་ཡིན་པའི་ལས་ཀྱི་འབྲེལ་བ་བསགས་ཡོད་པ་རེད། བློ་བདེ་བོ་བྱོས། མུ་མཐུད་ཧུར་ཐག་འབད་ཐག་བྱེད་དགོས་པ་རེད། བོད་ནང་དུ་ཡོད་པའི་རྒྱ་ཆེའི་མི་མང་གིས་ཐ་ན་སོ་སོའི་སྲོག་དེའང་རང་དབང་མེད་པར་བསྡད་ཡོད་ཀྱང་། ལྷག་བསམ་དང་སྙིང་སྟོབས་ཧ་ལས་པ་རེད་འདུག དེར་བརྟེན་ང་ཚོ་འདིར་བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་མཁན་ལྟ་བུ་ཆགས་ཡོད་པ་རེད། བོད་རྒྱ་ཆེའི་མི་མང་ལ་རང་དབང་བྲལ་ཡོད་པ་དང་། ང་ཚོས་རང་དབང་ལུང་པའི་ནང་དུ་ཁོང་ཚོའི་ཚབ་བྱེད་ཀྱི་ཡོད་རེད། ད་སྔ་ཧུར་ཐག་བྱས་པ་རེད་ལ་ད་དུང་ཡིན་ནའང་ཧུར་ཐག་བྱེད་དགོས། ཞེས་བཀའ་སྩལ་རྗེས་སྐུ་པར་ལྷན་སྒྲོན་གནང་ཡོད་པ་བཅས།། 

Other Videos

ྋགོང་ས་མཆོག་༢༠༡༨ལོའི་ཟླ་༡༢ཚེས་༢ཉིན་བཞུགས་སྒར་ནས་སྟོན་འཁོར་ཧྲག་བསྡུས་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་རྒྱ་གར་ཨུ་ཏྟར་པྲ་དེཤ་མངའ་སྡེའི་སན་ཀི་སའམ་ལྷ་བབས་ཀྱི་གནས་ཞེས་པའི་ནང་པའི་གནས་ཆེན་དུ་ྋཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ།