24
Wed, Apr

སྲོང་བཙན་སྒམ་པོའི་དྲན་གསོ་ཁང་གི་མཛེས་པ།

གནས་སྐོར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ལོ་༦༡༧ལོར་སྲོང་བཙན་སྒམ་པོ་ད་ལྟའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་གི་བྱམས་པ་མི་འགྱུར་ཕོ་བྲང་དུ་འཁྲུངས་པ་དང་དེ་སྔ་དེ་གར་རྒྱ་མ་ཁྲི་སྒང་ཞེས་བརྗོད་ཀྱི་ཡོད། ད་ཆ་བྱམས་པ་མི་འགྱུར་གླིང་ཕོ་བྲང་དེར་ཉམས་གསོ་ཞུས་ནས་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་བཞེངས་ཡོད།

རྒྱ་མ་ཤང་སྲིད་གཞུང་ནས་ཕུ་རུ་སྐྱོད་ཚེ་ས་ཐག་རིང་པོ་ནས་དྲན་གསོ་ཁང་གི་མཁར་རྫོང་དེ་ཡངས་ཤིང་རྒྱ་ཆེ་བའི་ལུང་ཤུར་དུ་འགྱིང་ངེར་གནས་ཡོད་པ་དང་ལུང་ཤུར་གྱི་འགྲམ་དུ་ད་དུང་མཆོད་རྟེན་དཀར་པོ་གསུམ་ཡོད་པ་མཐོང་ཐུབ། ངོ་སྤྲོད་བྱས་པར་གཞིགས་ན། སྲོང་བཙན་སྒམ་པོའི་དྲན་གསོ་ཁང་གི་ཐོག་སོ་དང་པོར་འགྲེམས་ཁང་གསུམ་ཡོད་པའི་ནང་སྲོང་བཙན་སྒམ་པོས་གསར་གཏོད་གནང་བའི་མཛད་རྗེས་སོ་སོར་བཀོད་ཡོད།

སྤྱི་ལོའི་དུས་རབས་བདུན་པའི་དུས་འགོར་བོད་ཀྱི་ཡར་ཀླུང་རྒྱུད་ཀྱི་བཙན་པོ་སོ་གཅིག་པ་གནམ་རི་སྲོང་བཙན་གྱིས་བྱང་ལ་དམག་དྲངས་ཏེ་ཡར་ཀླུང་གཙང་པོ་བསྒྲོལ་ནས་ལྷ་ས་སྐྱིད་ཆུ་འབབ་རྒྱུད་དབང་དུ་བསྒྱུར། གནམ་རི་སྲོང་བཙན་གྱིས་སྒར་ས་དེ་མལ་གྲོ་གུང་དཀར་རྒྱ་མ་རོང་དུ་བཙུགས་པ་དང་རོང་དེར་མཁར་འགའ་ཞིག་བསྐྲུན་པ་མ་ཟད་ཁོང་གི་སྲས་སྲོང་བཙན་སྒམ་པོ་ཡང་དེ་གར་འཁྲུངས། དེ་ནས་བཟུང་གནམ་རི་སྲོང་བཙན་གྱིས་དབྱར་ཁ་དང་སྟོན་ཁར་དེ་གར་བཞུགས་པ་དང་དགུན་ཁར་ས་ཐག་དེ་ཙམ་རིང་པོ་མེད་པའི་བསམ་ཡས་སུ་བཞུགས་ཀྱི་ཡོད། རྒྱ་མ་རོང་ནས་བསམ་ཡས་དགོན་བར་གྱི་གནའ་ལམ་དེ་ད་ལྟའང་མཐོང་རྒྱུ་ཡོད། སྲོང་བཙན་སྒམ་པོའི་དྲན་གསོ་ཁང་གི་ཐོག་སོ་དང་པོའི་གཡོན་ཕྱོགས་ཀྱི་འགྲེམས་ཁང་ནང་བཙན་པོའི་དུས་རབས་ཀྱི་གོ་མཚོན་དང་ཁྲབ་རྨོག་བསྒྲིགས་ཡོད།

ཕོ་བྲང་དེའི་ནང་སྲོང་བཙན་སྒམ་པོས་སྤྲོ་སྣང་ལྡན་པའི་བྱིས་དུས་བསྐྱལ་རུང་ཁོང་དགུང་ལོ་༡༣ལ་ཕེབས་སྐབས་དམག་ནང་ཞུགས་འགོ་ཚུགས། ལོ་རྒྱུས་ཀྱི་དེབ་ཐེར་འགའ་ནང་འཁོད་པར་གཞིགས་ན། སྤྱི་ལོ་༦༢༩ལོར་ཁོང་གི་ཡབ་གནམ་རི་སྲོང་བཙན་གཞན་གྱིས་དཀྲོངས་པ་དང་གཅིག་གྱུར་བྱུང་མ་ཐག་པའི་བོད་བཙན་པོའི་རྒྱལ་རབས་ཐོར་ལ་ཉེ་བ་དང་གཞན་དག་གིས་ཀྱང་བཙན་འཛུལ་བྱེད་ལ་ཉེ། དགུང་ལོ་༡༣ལ་ཕེབས་སྐབས་ཁོང་གིས་ལས་འགན་ལྕི་པོ་བཞེས་ཏེ་གསར་དར་སྟོབས་ཤུགས་ལ་བརྟེན་ནས་དཔུང་རུ་བཙུགས། ལོ་གསུམ་ཙམ་དམག་ནང་ཞུགས་ནས་ནང་ཁུལ་གྱི་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ་དང་དུས་བབ་བརྟན་པོ་བྱུང་སྟེ་བོད་བཙན་པོའི་སྐབས་ཀྱི་གཅིག་གྱུར་སླར་གསོ་བྱུང་།

སྤྱི་ལོ་༦༣༣ལོར་དགུང་ལོ་༡༨ལ་ཕེབས་པའི་སྲོང་བཙན་སྒམ་པོས་བློན་པོ་རྣམས་ཁྲིད་དེ་བྱམས་པ་མི་འགྱུར་ཕོ་བྲང་ནས་ལྷ་སར་ཕེབས། དྲན་གསོ་ཁང་དེར་ཁྱོན་བསྡོམས་འགྲེམས་ཁང་༨ཡོད་པ་དང་གཡོན་ངོས་ཀྱི་འགྲེམས་ཁང་གཉིས་པའི་ནང་སྲོང་བཙན་སྒམ་པོ་དང་བློན་ཆེན་མང་པོས་ལྷ་ས་གྲོང་ཁྱེར་བསྐྲུན་རྒྱུའི་གྲོས་བསྡུར་གནང་བའི་འཇིམ་བརྙན་བཞེངས་ཡོད།

དྲན་གསོ་ཁང་གི་ཕྱི་རོལ་དུ་ཆུ་མིག་གཅིག་ཡོད་པ་དང་བཤད་སྲོལ་ལ་སྲོང་བཙན་སྒམ་པོར་ཆུ་མིག་དེའི་ནང་ནས་ལྷ་ས་གྲོང་ཁྱེར་བསྐྲུན་རྒྱུའི་ལུང་བསྟན། དེས་ན་ཁོང་གིས་དཔུང་སྐྱོད་དམག་འཁྲུག་གང་ཞིག་གནང་དགོས་བྱུང་རུང་ད་དུང་ལྷན་འཛོམས་མནའ་བཞག་གིས་ཆེད་མངགས་དེ་གར་ཉིན་གཉིས་གསུམ་ཞིག་བཞུགས་ཀྱི་ཡོད། དོན་དངོས་ཐོག་སྲོང་བཙན་སྒམ་པོས་ས་ཆ་དེར་སྔ་ས་ནས་གཟིགས་པ་དང་གངས་ལྗོངས་ས་མཐོ་གཅིག་གྱུར་བཟོས་རྗེས་དེ་གར་མི་འགྱུར་གྲོང་ཁྱེར་བསྐྲུན་རྒྱུའི་འཆར་གཞི་བཀོད་གནང་ཡོད།

དེ་གར་མི་འཚོ་གནས་བྱ་རྒྱུ་དང་འཚམ་པ་དང་སྤྱི་ལེ་བཅུ་ཕྲག་འགའི་གཤོངས་ས་ཡོད་པ་ཙམ་མ་ཟད་སྐྱིད་ཆུ་དེ་ཤར་ནས་ནུབ་ཕྱོགས་སུ་ལང་ལོང་དུ་རྒྱུག་ནས་རྫོགས་མཐའ་མེད་པའི་ཆུ་ཁུངས་ཡོད་པས་ཡིན། སྐྱིད་ཆུའི་བྱང་ངོགས་སུ་དམར་པོ་རི་དང་། ལྕགས་པོ་རི། བར་མ་རི་བཅས་གནས་རི་ཁྱད་པར་ཅན་གསུམ་འགྱིང་ངེར་གནས་ནས་ཐང་དཀར་རྒོད་པོས་ནམ་འཕང་གཅོད་པ་དང་སེང་གེ་གནམ་ལ་མཆོངས་པ་ལྟར་གནས་ལ་རང་བྱུང་མཁར་རྫོང་གསུམ་དང་ཡང་མཚུངས། དེ་ཙམ་མ་ཟད་དེ་གར་འགྲིམ་འགྲུལ་སྟབས་བདེ་ལ་ས་ཁམས་ལེགས་པོ་ཡོད།

རྒྱ་མ་ལུང་གཞུང་ནས་ལྷ་སའི་བར་ལམ་ཐག་སྤྱི་ལེ་༦༠ཡོད་པ་དང་གནའ་བོའི་དུས་སུ་གྱི་ལིང་རྟ་པོས་ཉིན་གཅིག་ཀྱང་འགོར་གྱི་མེད། སྲོང་བཙན་སྒམ་པོས་གྲོང་ཁྱེར་གསར་པ་རྩད་ཞིབ་གནང་སྐབས་ད་ཆའི་ལྷ་ས་གྲོང་ཁྱེར་རྔ་ཆེན་ཤང་ནས་ལྷ་ས་སྐྱིད་ཆུ་ཆུ་ལམ་གཉིས་ལ་དབྱེ་ནས་སྐྱིད་ཆུ་ཆུ་ལམ་གཉིས་དབར་གྱི་སྤང་སྟེང་ཐོག་མཆེད་དེ་འདམ་རྫབ་དང་གྲམ་ཁ་མང་པོ་ཆགས་པ་གཟིགས་སྐབས་ཁོང་གིས་བློན་ཆེན་ལ་ཉེ་འཁོར་གྱི་འབངས་མི་སེར་རུབ་རུབ་བཟོས་ནས་ཆུ་རགས་བརྒྱབ་སྟེ་བྱང་ངོས་ཀྱི་ཆུ་ལམ་འགོག་རྒྱུའི་བཀའ་གནང་། ལྷ་ས་སྐྱིད་ཆུ་ལྷོ་ངོས་རི་ལྡེབས་རྒྱུད་རྒྱུག་ནས་བྱང་ངོས་ཀྱི་ས་ཆ་མང་ཆེ་བ་སྐམ་ཤས་ཆེ་ལ་འཁོད་སྙོམས་པའི་སྐམ་སར་གྱུར་རྗེས་ལྷ་ས་གྲོང་ཁྱེར་དེ་གར་བསྐྲུན་པ་རེད།

ཁོང་གིས་ད་དུང་སྐྱིད་ཤོད་འོ་ཐང་ཆུ་རགས་ཡིན་ནའང་འདྲ་ཡང་ན་ལྷོ་བྱང་ངོགས་གཉིས་ཀྱི་རི་ཁུག་གང་ཞིག་ཡིན་རུང་ཚང་མ་ནི་ས་ཞིང་གཤིན་ལ་འབྲོག་ར་སྤུས་ཀ་ལེགས་པ་ཞིག་ཡོད་པ་གཟིགས་རྗེས་ཚོ་དཔོན་མང་དག་ཅིག་ལ་རང་ཁྱིམ་གྱི་བྲན་གཡོག་ཁག་གཅིག་དེ་གར་སྤོས་ནས་ས་རྒོད་སློག་ཏུ་འཇུག་པ་དང་རྟ་ནོར་ལུག་སོགས་འཚོ་རུ་འཇུག་རྒྱུའི་བཀའ་གནང་ཡོད། ད་ཆའི་ལྷ་སའི་བྱང་འདབས་ཀྱི་ཉང་བྲན་ཤང་ནི་སྐབས་དེ་དུས་ཀྱི་ཚོ་དཔོན་གནས་སྤོ་བྱ་ཡུལ་དེ་ཡིན་པ་དང་མིང་དེ་ནི་སྲོང་བཙན་སྒམ་པོའི་དུས་ནས་ད་བར་གནས་པ་ཞིག་རེད།

དེ་རྗེས་བློན་ཆེན་གྱིས་བརྟག་དཔྱད་ཞིབ་ཕྲ་བྱས་པ་དང་། འཆར་འགོད་ཞིབ་ཚགས་བྱས་པ། ཆུ་བེད་འཛུགས་པ། མི་སེར་གནས་སྤོས་བྱས་ནས་སྦོལ་འདེབས་བྱས་རྗེས་ལྷ་ས་གྲོང་ཁྱེར་སྐྲུན་འགོ་ཚུགས།

དྲན་གསོ་ཁང་གི་ཐོག་སོ་དང་པོའི་འགྲེམས་ཁང་གསུམ་པའི་ནང་སྲོང་བཙན་སྒམ་པོའི་དུས་སུ་དཔལ་འབྱོར་དང་རིག་གནས་སོགས་ལ་ཐོབ་པའི་གྲུབ་འབྲས་ཤ་སྟག་ཡིན་ཞིང་། དེའི་ནང་མངོན་གསལ་དོད་ཤོས་ནི་ཐོན་མི་སམ་བྷོ་ཊས་གསར་རྩོམ་གནང་བའི་བོད་ཡིག་ཡིན་པ་དང་འགྲེམས་སྟོན་ནང་དེའི་སྐོར་ཧ་ཅང་མང་པོ་ཡོད། འགྲེམས་ཁང་གི་གཡས་ངོས་སུ་ཆེད་མངགས་བོད་རིགས་སྤུན་ཟླ་ཚོའི་བོད་ཡིག་སྦྱོང་ཚུལ་མངོན་པའི“སློབ་ཁང”བཙུགས་པ་དང་སྨྱུ་གུ་དང་། སྦྱངས་ཤིང་། སྣག་ཚ་སོགས་ཆ་ཚང་ཡོད་པ་རེད།

དེའི་རིང་སྲོང་བཙན་སྒམ་པོས་ད་དུང་ཆབ་སྲིད་དང་། དམག་དོན། དཔལ་འབྱོར་སོགས་ཐད་སྒྱུར་བཅོས་རབ་དང་རིམ་པ་གནང་བ་དང་ཁྲིམས་སྲོལ་བཙུགས་པ་དང་མཛངས་བློན་བསྐོས་པ་སོགས་གནང་བ་དེས་ཚོ་པ་ཁག་ཤོག་ཁག་སོ་སོ་ཡིན་པའི་ཆབ་སྲིད་ཀྱི་རྣམ་པ་མཇུག་འགྲིལ་ནས་བཙན་པོའི་རྒྱལ་རབས་བརྟན་དུ་སོང་།

ཁོང་གི་མཛད་རྗེས་དེ་ཙམ་གྱིས་མི་ཚད་པར་སྤྱི་ལོ་༦༤༡ལོར་འུན་ཤིང་ཀོང་ཇོ་བོད་དུ་ཕེབས་རྗེས་བོད་རྒྱའི་རིག་གནས་སྤེལ་རེས་བྱུང་ཡོད། བཙན་པོའི་རྒྱལ་རབས་དེས་རྐྱེན་པས་ས་མཐོར་དུས་རབས་ཁ་ཤས་གནས་ཐུབ་པ་བྱུང་བ་དང་བོད་ཀྱི་རིག་གནས་ཀྱིས་ཀྱང་རྒྱའི་རིག་གནས་བསྡུ་ལེན་བྱས་རྗེས་གྲུབ་འབྲས་ཆེན་པོ་ཐོབ་ཡོད། དྲན་གསོ་ཁང་ནང་སྐོར་བ་གཅིག་བརྒྱབ་ཚེ་སྲོང་བཙན་སྒམ་པོའི་སྐབས་ཀྱི་བོད་ཀྱི་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་རགས་ཙམ་མཐོང་ཐུབ།

ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།