25
Thu, Apr

རྣ་བའི་བཀོད་པ་དང་འབྲེལ་བརྗོད།

སེམས་དང་སྲོག
ཡིག་གཟུགས་སྒྲིག་ཆས།

སྒྲའི་གདངས་རིམ་གྱི་ནུས་ཤུགས་མེ་འདྲ་བས་མཁའ་རླུང་གཡོ་ཞིང་སྐྱོམ་པར་བྱས་བའི་ཚེ། མཁའ་རླུང་གི་ཁྲོད་ནས་སྒྲ་རླབས་ཞེས་པ་དེ་ཉིད་གྲུབ་ཅིང་།

སྒྲ་རླབས་ཉིད་མཁའ་རླུང་བརྒྱུད་ནས་ཕྱི་རྣའི་ནང་དུ་སླེབས། དེ་ནས་རིང་ཚད་ཚོན་ inch གང་ཡོད་པའི་རྣ་ལམ་བརྒྱུད་པའི་མཐར་རྣ་བའི་བར་སྐྱིའམ་རྣ་བའི་རྔ་ཆུང་ཞེས་བའི་པགས་པ་སྲབ་མོ་ཞིག་ཡོད་པ་དེ་ལ་བརྡབས་པའི་ཚུལ་གྱིས་གཡོ་འགུལ་ཐེབས་སུ་བཅུག་སྟེ། དེ་སྒྲའི་གདངས་མཐོ་དམན་འདེགས་འཇོག་སོགས་དང་མཐུན་པར་ཕར་ཚུར་འདར་སྐྱོད་བྱེད་ཅིང་། སྒྲ་རླབས་ཉིད་བར་རྣ་བརྒྱུད་ནས། རྣ་བའི་ནང་གི་གནས་གཞན་དག་སྟེ། ནང་རྣའི་རུས་ཆུང་། རྣ་སྦུག་གདན་རུས། ཐོ་རུས། ཡོབ་རུས་སོགས་ལའང་གཡོ་འགུལ་གྱི་ཤུགས་ཀྱིས་འགྱུར་བ་ཅི་རིགས་བསྐྱེས་དེ། བརྡ་འཕྲིན་དེ་གཤེར་ཁུ་གཏམས་པའི་པགས་པ་སྲབ་མོ་ཅན་སྲན་མ་ཅམ་གྱི་ཆེ་ཆུང་ཡོད་པའི་དུས་དབྱིབས་ཅན་གྱི་རྣ་འཁྱིལ་ཡོད་སར་བསྐྱལ་བ་དང་། སྒྲ་བརྙན་བཞིན་ཟློས་པའི་ཚུལ་གྱིས་གྲགས་པར་འགྱུར། རྣ་འཁྱིལ་ནང་གྲ་སྤུ་ཕྲ་མོ་བརྒྱ་ཙམ་རེ་ཡོད་པའི་ཕྲ་ཕུང་ཁྲི་ཚོ་གཉིས་ལྷག་དགོས་པས། ཚོར་བ་ཤིན་ཏུ་རྣོ་ལ། གནས་འདི་ནས་སྒྲ་རླབས་དག་གློག་རྡུལ་བརྡ་འཕྲིན་དུ་བསྒྱུར་ཞིང་། བརྡ་འཕྲིན་དག་ཐོས་ཚོར་དབང་རྩ་བརྒྱུད་ནས་ཀླད་ཆེན་ནང་གི་སྒྲ་ལ་སྟངས་འཛིན་བྱེད་པའི་གནས་སུ་བསྐྱལ་རྗེས། ཀླད་ཆེན་གྱི་གང་འཕྲོད་པའི་གློག་རྡུལ་བརྡ་འཕྲིན་ལ་གཞི་བཅོལ་ནས་དེ་དང་འཚམ་པའི་སྒྲ་གདངས་དང་། ཚིག་སྒྲུབ་སོགས་ལེགས་བསྒྲིགས་བྱས་པ་ན་ད་གཟོད་གཞི་ནས་སྒྲ་ཐོས་པའི་ཚོར་ཤེས་འབྱུང་བ་ཡིན། དེས་ན་ང་ཚོས་སྒྲ་ཐོས་པའི་ཚོར་སྣང་འབྱུང་བ་དེ་ཀླད་ཆེན་གྱིས་སྙོམས་བསྒྲིགས་བྱས་ཟིན་པའི་སྒྲ་དེ་ཐོས་པ་ཙམ་ཡིན་ནོ།

འདིར་སྒྲ་རླབས་དང་ཐོས་ཚོར་བར་གྱི་འབྲེལ་བའི་སྐོར་ཅུང་ཟད་བཤད་ན། སྒྲའམ་འོད་འབྱིན་པའི་ནུས་པ་དང་ལྡན་པ་གཡོ་འགུལ་དང་བཅས་པའི་དངོས་པར་གང་ཡང་རུང་བ་ཞིག་གིས་ཕྱི་རོལ་དུ་སྒྲ་རླབས་དང་འོད་རླབས་སོགས་རླབས་གང་ཡང་རུང་བ་ཞིག་སྤྲོ་བའི་ཚེ། ཚོར་བ་ལ་འགྱུར་བའི་ཁྱད་པར་མི་འདྲ་བ་སྐྱེད་པའི་ཚུལ་ནི་འདི་ལྟར། དཔེར་ན་མེ་འཁོར་ཞིག་རང་ཅག་གི་འཁྲིས་ནས་རང་སྒྲ་སྒྲོག་བཞིན་བགྲོལ་བའི་ཚེ། རྒྱང་ཐག་རིང་ས་ནས་ཉེ་ས་དང་། ཡང་ཉེ་ས་ནས་རིང་དུ་བགྲོལ་པའི་གོ་རིམ་དང་མཚུངས་པར་སྒྲ་གདངས་ལ་འགྱུར་བའི་ཁྱད་པར་མངོན་གསལ་ཅན་ཡོད་པ་ཐོས་ཚོར་གྱིས་ཉམས་སུ་མྱོང་བ་ཡིན་ལ། འདི་ལ་ཌོབ་ལར་ནུས་སྣང་ཟེར། ཡང་གལ་ཏེ་མི་ཞིག་མེ་འཁོར་དེའི་འཁྲིས་སུ་མེད་པར་མེ་འཁོར་གྱི་ནང་དུ་ཡོད་ཚེ། མེ་འཁོར་གྱིས་སྤྲོས་པའི་སྒྲ་གདངས་ཀྱི་ངོས་ནས་ཁྱད་པར་གང་ཡང་མེད་ཀྱང་། མི་དེ་སྒྲ་འབྱུང་བའི་གཞི་དེ་དང་མཉམ་དུ་ཡོད་སྟབས་སྔ་མ་ལྟར་སྒྲ་གདངས་ཆེ་ཆུང་དུ་འགྲོ་བའི་ཁྱད་པར་དེ་ཐོས་ཚོར་གྱི་ངོར་མི་མངོན་པ་ཡིན། ཡུལ་ཉེ་རིང་གི་ཁྱད་ཀྱིས་དེས་སྤྲོས་པའི་སྒྲ་ལ་ཆེ་ཆུང་སོགས་ཀྱི་འགྱུར་བའི་ཁྱད་པར་དམིགས་པ་ནི་དམིགས་བསལ་གྱི་རླབས་སྤྲོ་ཚུལ་དང་འབྲེལ་བ་ཡོད་པ་སྟེ། མེ་འཁོར་ལྟ་བུ་གཡོ་བ་མེད་པར་གནས་པའི་སྐབས་ན་དེས་སྤྲོས་པའི་སྒྲ་རླབས་ནི་ཆུ་འཁྱིལ་ལ་རྡོ་བསྐྱུར་བ་ལྟར་ཕྱི་ནང་རིམ་པ་ཅན་གྱི་ཟླུན་སྐོར་གྱི་རྣམ་པས་ཕྱིར་འཕྲོ་བ་ཡིན་པ་ལ། མེ་འཁོར་དེ་བགྲོད་པའི་འགོ་བརྩམས་པ་དང་། རང་བཞིན་གྱིས་མདུན་ཕྱོགས་སུ་སྤྲོས་པའི་སྒྲ་རླབས་དག་ནང་དུ་བསྐུམ་པ་བཞིན་འགྱུར་ཞིང་། རི་མོར་བྲིས་པའི་དབང་དུ་ན་མདུན་ཕྱོགས་ཀྱི་ཟླུམ་གཟུགས་སྒྲ་རླབས་ཀྱི་ཕྱི་ནང་རིམ་པའི་བར་ཐག་ཆེས་ཤིན་ཏུ་དོག་པ་ཞིག་འབྱུང་ངོ་། རྒྱབ་ཕྱོགས་སུ་སྤྲོས་པའི་སྒྲ་རླབས་ནི་ཕྱིར་འཐེན་པ་བཞིན་འགྱུར་ཞིང་། རི་མོར་བྲིས་པའི་དབང་དུ་ན་རྒྱབ་ཕྱོགས་ཀྱི་ཟླུམ་སྐོར་སྒྲ་རླབས་ཀྱི་ཕྱི་ནང་རིམ་པའི་བར་ཐག་ཆེས་ཤིན་ཏུ་ཡངས་པ་ཞིག་འབྱུང་བ་ཡིན་ནོ། དེས་ན་ནང་དུ་བསྐུམས་པ་ལྟར་གྱུར་པའི་སྒྲ་རླབས་དེ་གདངས་ཚད་མཐོ་ལ། ཕྱིར་འཐེན་པ་ལྟར་གྱུར་པའི་སྒྲ་རླབས་ནི་དམའ་བ་འབྱུང་ངོ་། སྐར་ཆ་གཅིག་ལ་སྨིས་ ༢༤༠ སྐྱོད་ནུས་པ་ནི་སྒྲའི་མྱུར་ཚད་དེ་ལས་བརྒལ་ན། སྒྲ་རླབས་དངོས་པར་དེའི་མདུན་ཕྱོགས་སུ་གཏན་ནས་སྤྲོ་མི་ནུས་པར་གྱུར་ཏེ་སྔོན་ནས་ཉན་ཚེ་སྒྲ་ཐོས་རྒྱུ་མེད་པར་འགྱུར་རོ། འདིས་འོད་རླབས་ལའང་རིག་འགྲེ་སྦྱར་ཆོག་སྟེ། ཁ་དོག་དང་འོད་གཉིས་རིམ་པ་བཞིན་གདངས་ཚད་དང་སྒྲ་གཉིས་དང་ཆོས་མཚུངས་པའི་ཕྱིར་རོ། དེ་བས་ན་ནང་དུ་བསྡུས་ཤིང་བསྐུམ་པ་ལྟར་གྱུར་པའི་འོད་རླབས་དེའི་ཁ་དོག་ནི་དམར་པོར་སྣང་བ་ཡིན། འོན་ཀྱང་སྒྲ་རླབས་དང་ཆེས་མི་འདྲ་པར། ཡུལ་གྱི་འགུལ་སྐྱོད་ཀྱི་ཁྱད་པར་གྱིས་ཁ་དོག་ལ་འགྱུར་བ་འབྱུང་པ་འདི་རང་རེའི་མིག་གིས་མཐོང་དགོས་ཚེ། མེ་འཁོར་ཞིག་གི་མགྱོགས་ཚད་ལས་ལྡབ་ས་ཡ་གཅིག་གིས་མྱུར་བའི་དངོས་གཟུགས་ཤིག་གི་སྟེང་ནས་མ་གཏོགས་མཐོང་མི་ནུས་སོ། དེ་ལྟ་ནའང་འདི་ཤིན་ཏུ་གལ་གནད་ཆེ་བ་ཞིག་ཡིན་ཏེ། འོད་ཀྱི་ཌོབ་ལར་ནུས་སྣང་འདིའི་ཐོག་ནས་དུས་རབས་ཉི་ཤུའི་ལོ་རབས་ཉི་ཤུ་པའི་ནང་ཨ་རིའི་ཝ་ཤིང་ཊོན་གནམ་རིག་སྟེངས་བུ་རུ་ཚན་རིག་པ་ཧ་བྷལ་ Hubble གྱིས་རང་གི་མིང་ནས་བཏགས་ཤིང་སྐབས་དེར་འཛམ་གླིང་ཐོག་ཆེ་ཤོས་སུ་གྲགས་པའི་རྒྱང་ཤེལ་ཞིག་ཡོད་པ་དེས་ནམ་མཁའི་སྐར་ཚོགས་ཀྱི་ཌོབ་ལར་འོད་རླབས་ཀྱི་ཁྱད་པར་བལྟས་ནས་འཇིག་རྟེན་ཆེ་རུ་འགྲོ་བཞིན་ཡོད་པ་དང་འབར་གས་ཆེན་པོ་བྱུང་ཚུལ་དེ་ཐོག་མར་ཤེས་པ་རེད་ཟེར། འདི་དག་ནི་ཞར་ལས་བྱུང་བའོ།།

ཐ་སྙན། glossary ཐོས་བྱེད་དབང་རྩ། visual cortex ཐོ་རུས། malleus གདན་རུས། incus ཡོབ་རུས། stapes ཌོབ་ལར་ནུས་སྣང་། doppler effect

ཡོང་ཁུངས། ཚན་རིག་དེབ་ཕྲེང་། ༡ ཀླད་ཆེན་དང་སེམས་ཀྱི་འབྲེལ་བ་ལ་དཔྱད་པ།