18
Thu, Apr

བཅར་འདྲི།
ཡིག་གཟུགས་སྒྲིག་ཆས།

བདེ་པོ་འཚོ་ལགས་ཀྱིས་མཐོ་རིམ་སློབ་མའི་སློབ་གསོ་དང་སྐད་ཆ་ཞེས་པའི་བཅར་འདྲིར་ལན་འདེབས་གནང་བའི་སྐོར་གྱི་དྲིས་ལན་གཤམ་གཤམ་གསལ་ནས་གཟིགས་ཐུབ།

༡ ཁྱེད་ཉིད་ངོ་སྤྲོད་ཐུང་ཐུང་ཞིག་གནང་རོགས།
ལན། ཁམས་བཟང་། གུས་མོའི་མིང་ལ་བདེ་པོ་འཚོ་ཟེར་ཞིང་མདོ་སྨད་རྔ་བ་ནས་ཡིན། ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་དུ་འབྱོར་བ་དང་མ་ཡུམ་སུ་ཇ་བོད་ཁྱིམ་དུ་སློབ་ཞུགས་ཐོག་མ་བྱས་ཏེ་འཛིན་རིམ་བཅུ་པ་བར་བཏོན། དེ་ནས་ཕྱི་ལོ་ ༢༠༡༢ ལོར་བོད་ཁྱིམ་གོ་པལ་པུར་ནས་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་བཏོན་པ་དང་། ཕྱི་ལོ་ ༢༠༡༤  ལོར་རང་གི་དགའ་ཕྱོགས་དང་བསྟུན་ནས་བོད་ཀྱི་མཐོ་སློབ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སློབ་ཞུགས་བྱས་ཤིང་། ད་ལྟ་བོད་ཡིག་ཆེད་སྦྱོང་རིག་གནས་རབ་འབྱམས་པ་ལོ་རིམ་བཞི་པའམ་མཐའ་མ་དེ་ཡིན་པས། གཞུང་གི་གོ་སྒྲིག་ལྟར་བོད་ཀྱི་ལོ་ཙྭ་བའི་སྡེ་ཁག《བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྟེ་གནས་ཁང》དུ་ཉམས་གསོག་བྱེད་མུས་ཡིན།

༢ ཁྱེད་རང་གིས་སློབ་གསོ་མྱོང་བའི་ཁྲོད་ནས་བརྗེད་མི་ཐུབ་པ་དང་ཡ་མཚར་བའི་སློབ་གསོའི་གཏམ་རྒྱུད་དེ་འདྲ་གླེང་རྒྱུ་ཨེ་ཡོད།
ལན། ང་རང་སློབ་གྲྭར་འགྲིམས་པའི་བརྒྱུད་རིམ་ཁྲོད་ནས་ཆེས་བརྗེད་དཀའ་བ་ནི་དགེ་རྒན་བཀའ་དྲིན་ཅན་རྣམ་པའི་བསླབ་བྱ་དང་ཤ་ཚའི་སྐད་ཆ་དག་ཡིན། དེ་མིན་ཡ་མཚན་པའི་སློབ་གསོའི་གཏམ་རྒྱུད་དམིགས་བསལ་དྲན་གྱི་མི་འདུག

༣ ཁྱེད་རང་སློབ་ཆེན་སློབ་མ་ཞིག་ཡིན་དུས་ཁྱོད་རང་ལ་མཚོན་ན་སློབ་ཆེན་སློབ་གསོ་དེ་ག་འདྲ་འདུག
ལན། སྤྱིར་སློབ་ཆེན་སློབ་མ་ཞིག་ཡིན་ན་གཞི་རིམ་སློབ་མ་བཞིན་ཚང་མ་དགེ་རྒན་དང་བསླབ་དེབ་ཁོ་ནར་བརྟེན་པ་ཙམ་མིན་པར་དེ་ལ་རང་ངོས་ནས་བསམ་བློ་གཏོང་བ་དང་བརྡར་ཤ་གཅོད་དགོས། དེ་བཞིན་སློབ་ཆེན་སློབ་གསོ་ཡང་བསླབ་དེབ་ལས་བརྒལ་ཏེ་རྒྱ་ཆེ་ས་དང་གཏིང་ཟབ་ས་ནས་དོགས་འདྲི་དང་དཔྱད་ཞིབ་ཀྱི་ལམ་ནས་སློབ་དགོས་པ་ཞིག་རེད་འདུག་སྙམ།

༤ ཁྱེད་ཀྱིས་བསམ་ན་བོད་ཕྱི་ནང་གཉིས་ཀྱི་སློབ་ཆེན་སློབ་མའི་སློབ་གསོའི་བར་ལ་ཧེ་བག་མཐོང་གི་འདུག་གམ།
ལན། ང་རང་ཉིད་ལ་མཚོན་ན་བོད་ནས་གཞི་རིམ་དང་མཐོ་རིམ་སོགས་གང་ཡང་འགྲིམས་མ་མྱོང་། ཡིན་ཡང་རང་གི་མཐོང་ཚུལ་ཙམ་བརྗོད་ན། བོད་ཕྱི་ནང་གཉིས་ཀྱི་སློབ་ཆེན་སློབ་མའི་སློབ་གསོ་ལས་བོད་ནང་གི་སློབ་གསོ་ལ་ཅུང་ཙམ་ཐོད་རྒལ་དང་རང་དབང་གི་རྣམ་པ་ཤུགས་ཆེ་བར་སྣང་།

༥ ཁྱེད་ཀྱིས་བསམ་ན་སློབ་གསོ་མྱོང་བ་ནི་ཅི་ཞིག་གི་ཆེད་དུ་རེད་བསམ་ཡོད།
ལན། མི་སོ་སོར་སློབ་གསོ་མྱོང་བའི་དགོས་པ་མི་འདྲ་བ་རེ་ཡོད་ངེས་རེད། ཡིན་ཡང་སྤྱི་ཡོངས་ནས་བཤད་ན་མི་ཚང་མ་རང་ཉིད་གང་ལ་རྨོངས་པ་དེའི་བཅིང་རྒྱ་ལས་གྲོལ་ཞིང་། རང་གི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་དང་། རྒྱ་ཆེ་ས་ནས་བརྗོད་ན་རང་ཉིད་གཏོགས་པའི་མི་རིགས་ལ་ཞབས་འདེགས་ཞུ་བའི་ཆེད་དུ་རེད་སྙམ།

༦ སློབ་ཆེན་སློབ་མ་ཞིག་ལ་མཚོན་ན་ཆེས་སྤྱི་སྟངས་བའི་འགན་འཁྲི་དེ་ག་རེ་རེད་འདུག
ལན། སློབ་ཆེན་སློབ་མའི་ཆེས་སྤྱིར་བཏང་གི་འགན་འཁྲི་ནི། རང་ཉིད་མི་རིགས་གང་ཡིན་པ་དང་རང་གི་སྐད་ཡིག་དང་ཡུལ་སྲོལ་གོམ་གཤིས་མ་བརླག་པའི་ཐོག་ནས་དམིགས་ཡུལ་ངེས་ཅན་ཞིག་བཟུང་སྟེ་སྐབས་བབ་ཀྱི་སློབ་སྦྱོང་ལ་དོན་དུ་གཉེར་བྱེད་དགོས་པ་དེ་རེད་འདོད།

༧ ཁྱེད་རང་ལ་བོད་པའི་ན་གཞོན་ཚོ་ལ་བཤད་འདོད་པའི་སྐད་ཆ་ག་རེ་ཡོད།
ལན། རྒྱལ་ཁབ་གང་ཡིན་ཡང་དེའི་སྟོབས་ཤུགས་དང་ནུས་པ། དཔལ་ཡོན་སོགས་ནི་དེའི་མི་རིགས་ལ་རག་ལས་པ་དང་། མི་རིགས་དེ་གང་འདྲ་ཞིག་ཡོང་མིན་ཡང་སྐབས་དེའི་ན་གཞོན་ཚོར་རག་ལས་པས། དུས་རབས་ཉེར་གཅིག་པའི་བོད་ཀྱི་ན་གཞོན་ང་ཚོས་ཀྱང་རང་ཉིད་མ་འོངས་བོད་ཀྱི་བདག་པོའམ་རྩ་བ་ཡིན་པ་ཡང་ཤེས་དགོས། དེ་ལྟར་མ་ཡོང་ན་ཡང་། རང་གི་མི་ཚེ་དོན་མེད་ལ་ཆུད་ཟོས་སུ་མི་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྣང་།