16
Mon, Dec

སྲིད་པའི་གངས་རི་འགྱིང་ཚུལ་འདི་ལ་ཨ་མྱེ་རྒན་པོའི་རང་གཤིས་ཚང༌།།
སྲིད་པའི་ཆུ་བོ་བཞུར་སྟངས་འདི་ཡང་ཨ་ཡེ་མཆོག་གི་རང་ཚུགས་འདྲ།།
ཡབ་མེས་དག་གི་དུས་ནས་བྱུང་བའི་ཕ་ས་དང་ནི་ཕ་ཡུལ་འདི།།
ཚེ་ཡི་ཕྲེང་བ་ག་ཚད་བརྗེས་ཀྱང་སེམས་ཀྱི་དཀྱིལ་ནས་བརྗེད་ཐབས་བྲལ།།
དྭངས་གཙང་ཁ་བའི་འདབ་མ་རེ་རེ་བྱམས་དང་བརྩེ་བའི་མཚོན་རྟགས་ཡིན།།

མཉེན་འཇམ་རྩྭ་ལོའི་རྐང་པ་རེ་རེ་བདེན་དང་སྙིང་རྗེའི་སྐུ་ཚབ་ཡིན།།
ཕ་ཡུལ་གངས་ལྗོངས་དུས་ཀྱིས་མ་བསྒྱུར་ནམ་ཡང་བདེ་ལྡན་ཞིང་ཁམས་ཡིན།།
ཕ་ས་གངས་ལྗོངས་ནད་ཀྱིས་མ་བསླད་ནམ་ཡང་སྐྱིད་པའི་ལྷ་ཡུལ་ཡིན།།
ཤར་གྱི་ཉི་འོད་དྲོ་ཞིང་འཇམ་པས་གངས་རིའི་ལྗོངས་སུ་དབྱར་ལྗོངས་བྱིན།།
ནུབ་ཀྱི་ཟླ་གཞོན་གོར་ཞིང་ཟླུམ་པས་ཕ་ཡུལ་ཕྱོགས་སུ་བསིལ་གདུགས་ཕུལ།།
མཐའ་ཡི་སྐར་ཚོགས་མཛེས་ཤིང་བཀྲག་པས་མཚན་ལྗོངས་ཧྲིལ་བོ་འོད་ཀྱིས་བཟུང༌།།
རང་བྱུང་ཡུལ་གྱི་མཛེས་པ་འདི་ཚོ་ཆེད་དུ་སུ་ཡིས་བཟོས་པ་འདྲ།།
རྩྭ་ཐང་གཡུ་ཡི་བལ་སྟན་སྔོན་མོ་ཕྱོགས་དང་ཕྱོགས་སུ་ལེགས་པར་བཏིང༌།།
དེ་ལ་མེ་ཏོག་དཀར་དམར་སེར་གསུམ་ཕྲ་ཡི་གཟུགས་ཀྱིས་མཛེས་པར་བཀོད།།
བསམ་མེད་བྱིས་པའི་བློ་སེམས་བཀུག་ལ་མཚར་བའི་སྣང་བ་སྐྱེ་དོན་ཅི།།
བསམ་ཡོད་མི་ཆེན་དག་གི་ཡིད་ཀྱང་རྩ་བ་རྨང་ནས་འཕྲོག་སྟེ་སོང༌།།
རི་བོ་ཀུན་ལ་རི་ལྷ་གནས་པས་ཡུལ་འདིའི་ཡུལ་ལྗོངས་མཛེས་ཤིང་སྡུག།
ཆུ་བོ་ཀུན་ལ་ཆུ་ལྷ་འཁོར་བས་ལྗོངས་འདིའི་ཁོར་ཡུག་དྭངས་ཤིང་གཙང༌།།
གཟུགས་ཅན་མི་དང་གཟུགས་མེད་ལྷ་ཚོགས་ས་ཕྱོགས་གཅིག་ཏུ་གནས་པ་འདིས།།
མི་ཡི་ཡུལ་ན་ལྷ་ཡུལ་གཉིས་པ་རང་བཞིན་ཤུགས་ཀྱིས་བྱུང་བ་ཡིན།།
ཆབ་ཀྱི་སྙིང་པོ་མཁའ་ལ་འཕགས་པས་ནམ་མཁའ་སྤྲིན་གྱི་གོས་ཀྱིས་གཡོགས།།
སྤྲིན་གྱི་སྙིང་པོ་ས་ལ་ལྷུང་བས་ས་གཞི་ཆར་གྱི་བརླན་གྱིས་བྲན།།
སུས་ཀྱང་མ་བཟོས་རང་བྱུང་ཁམས་ཀྱི་འཕྲོད་པ་བརྟེན་པའི་གོ་རིམ་འདི།།
སྤྱི་མཐུན་དགེ་བའི་ཤུགས་ལས་གྲུབ་པ་སྐྱེ་བོ་སུས་ཀྱང་བསྙོན་དུ་མེད།།
རི་ལ་འཁོར་བའི་ཤ་གླ་དགོ་གསུམ་མཐོང་བ་མིག་གི་ལྟད་མོ་ཡིན།།
ཐང་ལ་ཆགས་པའི་རྟ་ནོར་ལུག་གསུམ་མྱོང་བ་ལག་གི་ནོར་བུ་ཡིན།།
ས་མཐོའི་སྒང་གི་བོད་པ་ཚང་གི་ཕ་ནོར་དང་ནི་མ་མཛོད་འདི།།
ལོ་ཡི་ཕྲེང་བ་ག་ཚད་རྫོགས་ཀྱང་འགྱུར་བ་མེད་པའི་ཁྱད་ཆོས་ཡིན།།
ཨ་ཕ་རྒན་པོའི་མིག་གི་མདངས་ལས་བྱམས་དང་བརྩེ་བའི་འོད་མདངས་འཕྲོ།།
ཨ་མ་རྒན་མོའི་ངག་གི་གདངས་ལས་མ་ཎི་དང་ནི་སིདྡྷི་བརྡོལ།།
ཆོས་ལས་སྐྱེས་ཤིང་ཆོས་ཀྱིས་འཚོ་ལ་ཆོས་ཀྱི་ཁྲོད་ནས་ཤི་བ་འདི།།
ཡུལ་ཁམས་གཞན་ན་ནམ་ཡང་དབེན་པའི་ང་ཚོ་བོད་པའི་འཚོ་བ་ཡིན།།
ཨ་ཕའི་ཨ་ཕ་དེད་ནས་སོང་ན་སྤྲེའུ་བྱང་ཆུབ་སེམས་དཔའ་ཡིན།།
ཨ་མའི་ཨ་མ་དེད་ནས་སོང་ན་བྲག་ལ་གནས་པའི་སྲིན་མོ་ཡིན།།
བྱམས་དང་བརྩེ་བའི་རང་གཤིས་མངའ་བ་ཨ་ཕས་བྱིན་པའི་རུས་པ་ཡིན།།
དཔའ་དང་སྤོབས་པའི་རང་ཚུགས་ལྡན་པ་ཨ་མས་བཞག་པའི་ཟུངས་ཁྲག་ཡིན།།
དང་པོར་ལས་དང་རྐྱེན་གྱི་དབང་གིས་གངས་རིའི་ལྗོངས་སུ་སྐྱེ་བ་བླངས།།
བར་དུ་ཡུན་རིང་འདྲེས་ཤིང་འགྲོགས་པས་ཡུན་གྱིས་ཡུན་གྱིས་བརྩེ་བ་ཆགས།།
ཐ་མར་རང་གི་ནུས་པ་ཡོད་ཚད་གངས་རིའི་ཆེད་དུ་འབུལ་འདོད་བྱུང༌།།
འདི་ནི་བདག་དང་གངས་རིའི་ལྗོངས་ཀྱི་འབྲལ་ཐབས་མེད་པའི་འབྲེལ་བ་ཡིན།།