20
Fri, Sep

གོམ་བགྲོད་ཀྱི་ཕན་ཡོན།

ལུས་སྦྱོང་།
Typography

ཉིན་རེར་སྐར་མ་༣༠་ལ་གོམ་བགྲོད་བྱེད་ཐུབ་ན། ཁྱོད་ཀྱི་སྤྱི་ཡོངས་ཀྱི་འཕྲོད་བསྟེན་ལ་ཧ་ཅང་ཕན་ཐོགས་ཆེ། སྐར་མ་༣༠་རིང་གོམ་བགྲོད་བྱེད་མི་ཐུབ་ཀྱང་། ཉིན་རེར་གོམ་བ་གྲོད་ཉུང་ཉུང་ཞིག་བྱེད་ཐུབ་ནའང་འཕྲོད་བསྟེན་ལ་ཕན་ཐོགས་ཡོད་འདུག

ཉིན་རེར་སྐར་མ་༣༠་ལ་གོམ་བགྲོད་བྱེད་པའི་ཕན་ཡོན་ནི། སྙིང་ཁམས་དང་ཁྲ་རྩའི་བདེ་ཐང་ལ་ཕན་པ་དང་། རུས་པ་སྲ་བརྟན་བཟོ་བ། གཟུགས་པའི་ཚིལ་ལུ་ཞུ་བ། ཤ་སྒྲིམ་གྱི་ནུས་པ་གོང་སྤེལ་གཏོང་བ་བཅས་ཀྱི་ཕན་ཐོགས་ཡོད། གཞན་ཡང་། སྙིང་གི་ན་ཚ་དང་། སྐྲན་ནད། ཁྲག་ཤེད་མཐོ་བོའི་ན་ཚ། མཁྲིས་ནད། ཚིགས། ཤ་སྒྲིམ་ན་ཟུག གཅིན་སྙི་ཟ་ཁུའི་ནད་བཅས་ལའང་ཕན །

གོམ་བགྲོད་ནི་ལུས་རྩལ་གཞན་དང་མི་འདྲ་བར་དམིགས་བསལ་སྦྱོང་བརྡར་མི་དགོས་ལ། དངུལ་གྱི་འགྲོ་སོང་ཡང་མེད། ཉིན་རེར་ཐེངས་གཅིག་ལ་གོམ་བགྲོད་སྐར་མ་༣༠་ལ་འགྲོ་མི་ཐུབ་ཀྱང་། ཉིན་རེར་དུས་གསུམ་བགོས་ནས་སྐར་མ་༡༠་ཡི་རིང་ལ་འགྲོ་ནའང་འགྲིག རྗེས་སུ་ཐེངས་གཅིག་ལ་སྐར་མ་༣༠་ཡི་རིང་ལ་གོམ་བགྲོད་བྱེད་ཐུབ། གལ་སྲིད་གཟུགས་པོ་སྐམ་དུ་གཏོང་འདོད་ཚེ། ལུས་སྦྱོང་སྐར་མ་༣༠་ལས་མང་བ་རྩེ་དགོས།

དུས་རྟག་ཏུ་ལུས་རྩལ་རྒྱུན་སྐྱོང་བྱེད་ཐུབ་པའི་གོམས་གཤིས་ནི། གཟུགས་པའི་བདེ་ཐང་དང་གཟུགས་པོ་སྐམ་པོ་བཟོ་ཆེད་གང་ཡིན་ཡང་། ཆེས་ཕན་ནུས་ཐོན་པའི་ཐབས་ལམ་ཞིག་ཡིན་འདུག

གོམ་བགྲོད་བྱེད་སྐབས། གྱོན་གོས་གཟུགས་པོར་བདེ་བོ་དང་སྲབ་མོ་གྱོན་དགོས། དེས་གཟུགས་པོར་རྔུལ་ནག་མི་ཐོན་པར་ཕན། ལྷམ་བདེ་བོ་ཞིག་གྱོན་དགོས། དེས་གོམ་བགྲོད་བདེ་མོ་དང་ཡུན་རིང་འགྲོ་ཐུབ་པར་ཕན། གོམ་བགྲོད་འཇལ་ཚད་གྱོན་དགོས། དེས་གོམ་པའི་གྲངས་ཀ་རྩིས་རྒྱག་བཞིན་ཡོད་པས་གོམ་བགྲོད་མུ་མཐུད་ནས་འགྲོ་བར་སེམས་ཤུགས་སྤེལ་ངེས། ཉིན་རེར་གོམ་པ་ཁྲི་གཅིག་རྒྱག་ཐུབ་དགོས། གོམ་བགྲོད་མགྱོགས་པོ་ག་ཚོད་འགྲོ་ན་དེ་ཚོད་ཀྱིས་ཚིལ་ལུ་ཞུ་ཡི་ཡོད། འོན་ཀྱང་། ཚད་ལས་རྒལ་བའི་མགྱོགས་པོ་འགྲོ་མི་རུང་། རང་ཉིད་ཀྱི་གཟུགས་པའི་ནུས་པར་བརྟེན་ནས་འགྲོ་དགོས།

དང་ཐོག་དལ་པོ་ངང་ནས་གོམ་བགྲོད་བྱེད་དགོས། དེ་ནས་མགྱོགས་སུ་བཏང་ནས་གཟུགས་པོ་ཚ་བོ་ཆགས་ཡོང་། གཟུགས་པོ་ཚ་བོ་ཆགས་ཚར་རྗེས། དེ་ནས་རང་ཉིད་ཀྱིས་རྐང་ལག་རྐྱོང་འཐེན་བྱེད་དགོས། རྐྱོང་འཐེན་དེ་སྐར་ཆ་༢༠་བྱེད་དགོས། གལ་སྲིད། རྐང་ལག་ན་ཟུག་བརྒྱབ་པ་ཡིན་ན་རྐྱོང་འཐེན་བྱེད་མཚམས་འཇོག་དགོས།

གོམ་བགྲོད་ལ་སྤྲོ་བ་ཡོང་ཆེད། རོགས་པ་མཉམ་དུ་སྐད་ཆ་ཤོད་བཞིན་གོམ་བགྲོད་བྱེད་པ་དང་། གཞས་ཉན་ཞོར་གོམ་བགྲོད་བྱེད་པ། གཡས་གཡོན་གྱི་ཁོར་ཡུག་གི་མཛེས་སྡུག་ལ་རོལ་ཞོར་གོམ་བགྲོད་ལ་བྱེད་པ། འཐུང་ཆུ་མཉམ་དུ་འཁྱེར་བ་བཅས་བྱེད་དགོས།