19
Fri, Apr

རྒྱ་མིའི་ཉེན་རྟོག་པས་ལག་དམར་ཞིག་འཛིན་བཟུང་བྱས་པ་རེད་ཟེར།

གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ༤པའི་ཚེས༡༠ཉིན། རྔ་བའི་སྤྱི་བདེ་དང་དྲག་ཆས་ཉེན་རྟོག་པ་མི༡༦༠ཡིས་མཐོ་ཚད་ལ་སྨིས༤༠༠༠ཡོད་པའི་མཐོ་སྒང་དུ་བྲོས་བྱོལ་བྱེད་བཞིན་པའི་ལག་དམར་ཞིག་འཛིན་བཟུང་བྱས་པ།

རྔ་བ་ཁུལ་དང་རྔ་བ་རྫོང་གི་སྤྱི་བདེ་སྡེ་ཁག་གིས་བྱ་བ་འབོར་ཆེན་བསྒྲུབས་པར་བརྟེན། མཛོད་དགེ་རྫོང་དུ་མི་བསད་རྗེས་བྲོས་བྱོལ་བྱེད་བཞིན་པའི་ངན་ཕྱོགས་སྟོབས་ཤུགས་ཀྱི་གཏེ་བོ་བློ་བསྟན་འཛིན་བཟུང་བྱས།

བརྟག་དཔྱད་བྱས་པ་ལྟར་ན། བློ་བརྟན། ཕོ། ད་ལོ་ལོ༣༣ཡིན་ཞིང་། རྔ་བ་རྫོང་གཅའ་རཱ་ཡུལ་ཚོའི་མི་ཡིན། བློ་བརྟན་དུས་རྒྱུན་སི་ཁྲོན་དང་མཚོ་སྔོན། ཀན་སུའུ་བཅས་ཀྱི་ས་མཚམས་སུ་འཁྱམས་ཉུལ་བྱེད་ཀྱིན་ཡོད་ལ། ཁོ་རང་སྤོབས་པ་ཆེ་ལ་གདུག་རྩུབ་ལྡན་པའི་མི་ཞིག་ཡིན། ཐེངས་མང་པོར་དྲགས་ཤུགས་སྤྱད་དེ་སྐྱེད་མཐོའི་བསྐྱིས་དངུལ་བསྡུ་གཏོང་བྱེད་པ་དང་། གཡོ་ལེན་བཙན་འཕྲོག་བྱེད་པ། བཙན་དབང་གིས་ཉེ་འགྲམ་གྱི་འབྲོག་པ་མང་ཚོགས་ལ་ཐུབ་ཚོད་བརྙས་བཅོས་བྱེད་ཀྱིན་ཡོད་པས། ཀུན་གྱིས་ཁོ་ལ“ཤི་རྒྱུར་མི་སྐྲག་པའི་མི”ཞེས་འབོད་བཞིན་ཡོད། ༢༠༡༦ལོའི་ཟླ༦པའི་ཚེས༡༣ཉིན། རྔ་བ་རྫོང་གི་ཟ་ཁང་ཞིག་ཏུ་བློ་བརྟན་དང་ཐུབ་ཆེ་གེ་མོ་གཉིས་ཀྱི་བར་ལ་རྩོད་གླེང་བྱུང་ཞིང་། བློ་བརྟན་གྱིས་ཐུབ་ཆེ་གེ་མོར་གྲིས་བསྣུན་རྗེས་གནས་དེ་དང་ཁ་བྲལ་ལ། ཐུབ་ཆེ་གེ་མོ་སྨན་ཁང་དུ་བསྐྱལ་ཏེ་མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་ཚེ་ལས་འདས།

གྱོད་དོན་བྱུང་རྗེས། རྔ་བ་ཁུལ་སྤྱི་བདེ་ཅུའུ་དང་རྔ་བ་རྫོང་སྤྱི་བདེ་ཅུའུ་ཡིས་བློ་བརྟན་ནི་ནག་རྡུང་ངན་སེལ་གྱི་གཙོ་གནད་དམིགས་ཡུལ་དུ་བཞག་པར་མ་ཟད། ཁོ་འཛིན་བཟུང་བྱ་ཆེད་དཀའ་ཚེགས་ཀྱི་བྱ་བ་གང་མང་ཞིག་བསྒྲུབས། ཟླ༤པའི་ཟླ་སྟོད་དུ་བློ་བརྟན་གྱིས་ཕལ་ཆེར་མེ་མདའ་བཟུང་སྟེ་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་གྱི་མཐའ་འཁོབ་ཀྱི་ཕྱུགས་ར་ཞིག་ཏུ་སྦས་བསྐུངས་བྱས་ཡོད་པ་ཤེས་རྟོགས་བྱུང་ཞིང་། ཕྱུགས་ར་དེ་གྲོང་རྡལ་དང་ཤིན་ཏུ་ཐག་རིང་ལ་གཞུང་ལམ་མེད་པར་མ་ཟད་ཁ་པར་གྱི་བརྡ་རྟགས་ཀྱང་མེད། མྱུལ་ཞིབ་ཉེན་རྟོག་པ་དོགས་ཡོད་ས་གནས་སུ་དུས་ཚོད༡༩ཡས་མས་ལ་སྦས་བསྐུངས་བྱས་པར་མ་ཟད། མི་མེད་འཕུར་གྲུ་དང་བརྫུས་བཟོ་མྱུལ་ཞིབ་སོགས་ཀྱི་བྱེད་ཐབས་བཀོལ་ཏེ་བློ་བརྟན་སྦས་བསྐུངས་བྱས་པའི་ས་གནས་གཏན་ཁེལ་བྱས།

ཟླ༤པའི་ཚེས༩ནམ་གུང་ལ། ཞིང་ཆེན་སྤྱི་བདེ་ཐིན་དང་། ཁུལ་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་འོག རྔ་བ་ཁུལ་གྱི་སྤྱི་བདེ་ཅུའུ་ཀྲང་ལིག་པོ་ཐའོ་ཡིས་ཡུལ་དངོས་ནས་བཀོད་འདོམས་བྱས་ཤིང་། ཁུལ་དང་རྫོང་གི་སྤྱི་བདེ་སྡེ་ཁག་དང་དྲག་ཆས་ཉེན་རྟོག་རྔ་བ་ཡན་ལག་རུག་ཁག་གིས་ཉེན་རྟོག་པ༡༦༠མངག་གཏོང་བྱས་ཏེ། མཐོ་ཚད་ལ་སྨིས༤༠༠༠ཡོད་པའི་མཐོ་སྒང་དུ་མཚན་ལམ་བརྒྱུད་དེ་དུས་ཚོད༤ཡི་རིང་ལ་རི་ལུང་བརྒལ་མཐར། མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་གྱི་སི་ཁྲོན་དང་ཀན་སུའུ་ས་མཚམས་ཀྱི་ཕྱུགས་ར་ཞིག་ནས་བློ་བརྟན་སྦས་བསྐུངས་བྱས་པའི་ས་གནས་ཀྱི་མཐའ་ནས་བསྐོར།

ཟླ༤པའི་ཚེས༡༠ཉིན་གྱི་ཞོགས་པའི་དུས་ཚོད༦གི་སྟེང་དུ། ཡུལ་དངོས་བཀོད་འདོམས་ཁང་གིས་བཀའ་བསྒྲགས་པ་དང་མཉམ་དུ། སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དམག་མི་འཕྲལ་དུ་འགུལ་སྐྱོད་བྱང་ཤིང་། བློ་བརྟན་གྱིས་མེ་མདའ་བཟུང་སྟེ་ངོ་རྒོལ་བྱེད་པའི་གནས་ཚུལ་འོག་ཁོ་རང་འཛིན་བཟུང་བྱས་པ་དང་ཆབས་ཅིག ཡུལ་དངོས་ནས་ལྔ་དྲུག་རྣམ་པའི་ཁྲུང་ཧྥིན་མེ་མདའ་གཅིག་དང་། མདེའུ་ཤུབ་གཉིས། མདེའུ་བརྒྱད་ཅུ། ལག་འབོམ་གཅིག རྒྱང་མཐོང་གཅིག ཉེ་སྤྱོད་འཕྲིན་ཆས་གཉིས། གདོང་འབོག་གཅིག བཀག་སྡོམ་བྱེད་པའི་གྲི་གསུམ་བཅས་ལག་སོན་བྱུང་།

འཛིན་བཟུང་འགུལ་སྐྱོད་ཀྱི་འཆར་གཞི་ཞིབ་ཚགས་ཡིན་ཞིང་། འཐབ་འཛིང་ལ་ཞུགས་པའི་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་རྣམས་དཔའ་སྤོབས་ཆེན་པོའི་ངང་གདོང་མཆོང་བྱས་པས། འགུལ་སྐྱོད་སྐབས་མདེའུ་གཅིག་ཀྱང་ཆུད་ཟོས་སུ་གཏང་མ་དགོས་ལ་མི་གཅིག་ལའང་རྨས་སྐྱོན་ཕོག་མེད། མིག་སྔར། འབྲེལ་ཡོད་མྱུལ་ཞིབ་བྱ་བ་གོམ་གང་མདུན་སྤོས་ངང་མགྱོགས་མྱུར་གྱིས་སྤེལ་བཞིན་པའི་སྒང་ཡིན།

བློ་བརྟན་བཟུང་རྗེས། ལྟད་མོར་རུབ་པའི་མང་ཚོགས་རྣམས་ཀྱིས་ལག་ཟུང་ཐལ་མོ་རྡེབ་བཞིན“བློ་བརྟན་འཛིན་བཟུང་བྱས་པ་དེ་ཁོ་རང་གི་རྣམ་སྨིན་རེད། དུས་ངེས་ཅན་ཞིག་ལ་སྦས་བསྐུངས་བྱས་ནའང་། མཐའ་མར་རྒྱལ་ཁྲིམས་ཀྱི་རྒྱ་ལས་ཐར་ཐབས་ཡོད་པ་མ་རེད། ཉེན་རྟོག་པ་རྣམས་ཀྱི་ངོ་སོ་བསྟོད”ཅེས་ཟེར།

ཁུལ་དང་རྫོང་གིས་མཉམ་འབྲེལ་སྒོས“ནག་རྡུང་ངན་སེལ”གྱི་ཆེད་དམིགས་འཐབ་འཛིང་སྤེལ་བ་ནས་བཟུང་། གྱོད་དོན་ཆེན་པོ་རེ་རེ་བཞིན་མྱུལ་ཞིབ་རྩད་གཅོད་བྱས་པ་དང་བསྟུན་ནས། རྒྱ་ཆེའི་མང་ཚོགས་ལ་བློ་བསྐྱེད་ཐེབས་པའི་ཁྲིམས་སྐྱོང་སློབ་ཁྲིད་མང་དུ་བྱས་པར་མ་ཟད། དོགས་ཡོད་ཉེས་ཅན་རྣམས་ལ་འཇིགས་སྣང་སྐྱེས་སུ་བཅུག་ཅིང་། སྤྱི་ཚོགས་སྟེང་དུ་ནག་ཚོགས་སྟོབས་ཤུགས་ལ་མི་ཚང་མས་རྒོལ་ལན་སྤྲོད་པའི་ཁ་དབུགས་ཤིག་གསར་བསྐྲུན་བྱས་ཡོད་པ་རེད།