20
Sat, Apr

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དངོས་སློབ་དང་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས།

བཅར་འདྲི།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༡༠་ཚེས་༢༥ཉིན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དངོས་སློབ་དང་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ལ་བཅའ་འདྲི་ཞུ་སྐབས་ཁོང་གིས་གསུང་དོན། ང་ཚོ་ནང་ཁུལ་ལ་མ་འགྲིག་པ་ཆུང་ཙག་གི་རིགས་བྱུང་ནའང་བཟོད་སེམས་བྱས་ནས། བོད་མི་ཡོངས་ཀྱི་མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་ལ་གནོད་པའི་ལས་མི་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་རེད། རྡོག་རྩ་གཅིག་སྒྲིལ་ནི་ང་ཚོར་ཡོད་པའི་སྟོབས་ཤུགས་ཁོ་ན་དེ་རེད། བོད་དོན་འཐབ་བརྩོད་བྱེད་སྐབས་རྡོག་རྩ་གཅིག་སྒྲིལ་མེད་ན་མ་རྩ་བརླག་པ་དང་གཅིག་མཚུངས་རེད། ཅེས་གསུངས་སོང་།

འདི་ག་གསར་ཁང་གིས་ཉེ་ཆར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དངོས་སློབ་དང་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་དང་། རྒྱ་གཞུང་གིས་བོད་མི་ཚོར་དམ་དྲག་ག་ཚོད་བྱེད་ཀྱི་ཡོད་མེད། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་ཇི་ལྟར་གཏོང་གི་ཡོད་མེད། ད་དུང་བོད་ཡུལ་དུ་ལྕགས་ལམ་བཟོ་བསྐྲུན་བྱེད་བཞིན་པ་དེས་ཁོར་ཡུག་ལ་གནོད་སྐྱོན་ག་ཚོད་ཐེབས་ཀྱི་ཡོད་མེད་སོགས་ཀྱི་སྐོར་ལ་བཅའ་འདྲི་ཞུས་ཡོད།

༡༽ ཐོག་མར་འཚམས་འདྲི་དང་སྦྲགས། ཁྱེད་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ངའི་མིང་ལ་ཚེ་རིང་རྡོ་རྗེ་ཟེར་ཞིང་། ཕྱི་ལོ་༡༩༩༨་ལོར་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། དེ་ནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་སློབ་གཉེར་བྱས་ཤིང་། སློབ་གཉེར་གྱི་ཞོར་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་ཕ་ཡུལ་ཕྱོགས་ཀྱི་ཛ་དྲག་གི་གནས་ཚུལ་རྣམས་གང་ཐུབ་ཐུབ་ཀྱིས་གཞུང་དང་། སྐུ་ཚབ། དེ་བཞིན་གསར་འགོད་པ་རྣམས་ལ་ཞུས་པ་ཡིན། རིན་པོ་ཆེ་འཛིན་བཟུང་བྱས་རྗེས། ཁོང་གི་སྐུ་སྲོག་སྐྱོབ་ཐབས་སུ་ཞུ་གཏུགས་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་བ་ཡིན།

དེ་ནས་བོད་དུ་ཡོད་སྐབས་ཀྱི་གནས་ཚུལ་མདོར་བསྡུས་ཤིག་ཞུས་པ་ཡིན་ན། ཕྱི་ལོ་༡༩༩༦་ལོར། རྒྱ་གཞུང་གིས་ང་ལ་མ་ཉེས་ཁ་གཡོག་བྱས་ནས་འཛིན་བཟུང་བྱས་ཏེ། བཙོན་ཁང་དུ་ཉེས་རྡུང་འདྲ་མིན་བཏང་ནས་དཀའ་སྡུག་ཚད་མེད་མྱངས། མཐར་རྒྱ་མིའི་ཉེན་རྟོག་པས་ང་ལ་ཉེས་འཛུགས་བྱེད་རྒྱུ་གང་ཡང་མ་རག་པར་གློད་གྲོལ་བཏང་སོང་། དེ་ནས་ཡང་བསྐྱར་འཛིན་བཟུང་བྱེད་གྲབས་བྱེད་སྐབས། ང་རི་མགོར་བྲོས་ཕྱིན་པ་ཡིན། ལོ་གཅིག་གི་རིང་རི་མགོར་རི་དྭགས་བཞིན་འཚོ་བ་བསྐྱལ་ནས་བསྡད་པ་ཡིན། དེ་ནས་རིན་པོ་ཆེ་དང་ངེད་གཉིས་ཀྱིས་གྲོས་བསྡུས་བྱས་རྗེས། ཁོང་གིས་ང་རྒྱ་གར་ལ་ཕྱིན་ན་ཡག་ས་རེད་གསུངས་ནས་ང་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བ་ཡིན། ད་ལྟའི་ཆར། སྐྱབས་མགོན་རིན་པོ་མཆོག་གི་ཐུགས་དགོངས་ལམ་སྟོན་ལྟར། ང་དང་དགེ་བཤེས་ཁག་ཅིག་གིས་བཀའ་བསྟན་ལས་སེམས་ཁམས་རིག་པ་དང་གཟུགས་ཀྱི་སྐོར་གཙོ་འདོན་གྱིས་ཚན་རིག་དང་མཐུན་པའི་དཔེ་དེབ་བཟོ་བའི་ལས་ཀ་བྱེད་བཞིན་ཡོད།

༢༽ ཁྱེད་ཀྱིས་བོད་དོན་དང་འབྲེལ་བའི་ཕྱག་ལས་ག་རེ་གནང་དང་གནང་བཞིན་ཡོད་དམ།

ལན། ཕྱི་ལོ་༡༩༩༨་ལོར་རྒྱ་གར་ལ་མ་ཐོན་བར་དུ་རིན་པོ་ཆེར་ཞབས་ཞུ་བྱས་ནས་བསྡད། དེ་ཡང་བླ་མ་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་། ཁོར་ཡུག་གཅེས་སྐྱོང་། སྐད་ཡིག་སྲུང་སྐྱོབ་བཅས་ཀྱི་ཕྱག་ལས་གང་གནང་བ་རྣམས་ལ་རྒྱབ་སྐྱོར་དང་ཞབས་འདེགས་ཞུས་ཡོད། བཙན་བྱོལ་ལ་འབྱོར་རྗེས། བླ་མའི་སྐུ་སྲོག་སྐྱོབ་ཆེད་རྒྱབ་ཁབ་ཁག་གི་དབུ་ཁྲིད་དང་སྐུ་ཚབ་ལ་ཞུ་གཏུགས་ཀྱི་ལས་འགུལ་རིམ་པ་མང་པོ་སྤེལ་བ་ཡིན། སྤྱི་ཚོགས་བརྒྱུད་ལམ་དུ་སྐད་འཕྲིན་དར་བ་ནས་བཟུང་། བོད་ནང་གི་སྐད་འཕྲིན་གྱི་ཚོགས་པའི་ནང་དུ་འཛུལ་ཐབས་དང་། ཡང་ན་རང་ངོས་ནས་ཚོགས་པ་གསར་འཛུགས་ཀྱིས་ཆབ་སྲིད་ཀྱི་སྐོར་བཤད་ས་མེད་སར་འཕྲོད་བསྟེན་དང་། ཆོས་རིག་གཞུང་སོགས་ཀྱི་སྐོར་གང་ཐུབ་ཀྱིས་བཤད་པ་ཡིན། ཆོས་དང་རིག་གཞུང་གོང་འཕེལ་དུ་འགྲོ་དགོས་ན། ཐོག་མར་མིའི་བསམ་བློ་ལ་འགྱུར་བ་འགྲོ་དགོས། དེར་བརྟེན། བསམ་བློ་ལ་འགྱུར་བ་འགྲོ་ཆེད་དུ་སློབ་གསོ་དང་གོ་རྟོགས་གང་ཐུབ་ཀྱིས་སྤེལ་བ་ཡིན།

ངས་གང་བྱས་པ་རྣམས་བོད་དོན་དང་ཐད་ཀར་འབྲེལ་བ་མེད་རུང་། ཤུགས་ནས་བོད་དོན་དང་འབྲེལ་བ་ཡོད་པར་འདོད། བླ་མ་རིན་པོ་ཆེ་ཡིས་རྒྱུན་དུ་རང་ཉིད་ཀྱིས་གང་ཤེས་པ་རྣམས་གཞན་ལ་བཤད་དགོས་པ་དང་། དེས་སྤྱི་ཚོགས་ཀྱི་གོ་རྟོགས་ཡར་རྒྱས་ཡོང་བར་ཕན་ཐོགས་ཡོད་ཚུལ་གསུངས་པ་ཡིན། དེ་ཡང་དཔེར་ན། བླ་མ་རིན་པོ་ཆེ་ཡིས་འདི་ལྟར་གསུངས་མྱོང་སྟེ། གྲྭ་པ་ཚོས་དགོན་པའི་ནང་ནས་གང་སྦྱངས་པ་དང་ཤེས་པ་རྣམས་དང་། ཁྱད་པར་དུ་འཕྲོད་བསྟེན་དང་འབྲེལ་བའི་སྐོར། འགྲོ་ལུགས་འདུག་སྟངས་ཀྱི་སྐོར་སོགས་གུང་གསེང་སྐབས་ནང་ལ་སོང་ནས་ནང་མི་ཚོར་བཤད་དགོས། གལ་ཏེ་གྲྭ་པ་བདུན་ཅུ་ཡོད་ན་ཁྱིམ་ཚང་བདུན་ཅུའི་ནང་མིའི་ཚོར་གོ་རྟོགས་སྤེལ་ཐུབ་རྒྱུ་རེད། དེ་འདྲ་བྱས་ནས་མིའི་བསམ་བློར་འགྱུར་བ་གཏོང་ཐུབ་པ་དང་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བར་ཕན་ཐོགས་འབྱུང་ངེས། གང་ཤེས་པ་རྣམས་སྦས་ནས་བཞག་ན། མི་རིགས་ལ་གྱོད་ཁ་ཡིན་པར་མ་ཟད། ལོ་རྒྱུས་ནང་གང་ཡང་ཐོན་ཐུབ་རྒྱུ་མ་རེད། ཅེས་གསུངས་སོང་།

དེར་བརྟེན། རང་ངོས་ནས་ཀྱང་ཉེ་འཁོར་གྱི་ངོ་ཤེས་གྲོགས་པོ་དང་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ཁག་གི་ནང་དུ། བོད་ཆོལ་གསུམ་མཐུན་སྒྲིལ་དགོས་ཚུལ་དང་། ཕུན་ཚུན་ལ་བཟོད་སེམས་དགོས་པ། རྒྱ་གཞུང་གི་གདུག་རྩུབ་མ་བརྗེད་པར་བྱས་ནས་དགྲ་དགའ་གཉེན་སྡུག་གི་ལས་མི་བྱེད་པ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་གཙོ་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་སེམས་དཀྱིལ་ལ་བཞག་ནས། རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་བོད་དོན་སྒྲུབ་དགོས་ཚུལ་སོགས་ཀྱི་སྐོར་བཤད་བཞིན་ཡོད། ང་རང་ཚོ་ནང་ཁུལ་ལ་མ་འགྲིག་པ་ཆུང་ཙག་གི་རིགས་བྱུང་ནའང་བཟོད་སེམས་བྱས་ནས། བོད་མི་ཡོངས་ཀྱི་མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་ལ་གནོད་པའི་ལས་མི་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་རེད། རྡོག་རྩ་གཅིག་སྒྲིལ་ནི་ང་ཚོར་ཡོད་པའི་སྟོབས་ཤུགས་ཁོ་ན་དེ་རེད། ང་ཚོས་བོད་དོན་འཐབ་བརྩོད་བྱེད་སྐབས་རྡོག་རྩ་གཅིག་སྒྲིལ་མེད་ན་མ་རྩ་བརླག་པ་དང་གཅིག་མཚུངས་རེད།

བླ་མ་རིན་པོ་ཆེ་ཁོང་གིས་ང་ལ། རྒྱ་གར་ལ་སོང་ནས་ཆོལ་ཁའི་ཕྱོགས་ཞེན་ནམ་ཡང་མ་རྩོད། དེ་བརྩད་ན་༸རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་བ་རེད། ངེད་གཉིས་ཀྱིས་ལས་དོན་གང་བསྒྲུབས་པ་ཐམས་ཅད་ཆུའི་ནང་ལ་རྩམ་པ་བཏབ་པ་ལྟ་བུ་ཆགས་པ་རེད། ཅེས་གསུངས་མྱོང་། འདི་ནི་བླ་མ་རིན་པོ་ཆེ་ཡིས་ང་ལ་གནང་བའི་གསུང་བཤད་མཐའ་མ་དེ་ཆགས་སོང་། མདོར་ན། མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་བྱེད་པ་ནི་བོད་དོན་དང་འབྲེལ་བ་ཆེན་པོ་ཡོད། གང་ཡིན་ཟེར་ན། རྒྱ་གཞུང་གིས་ང་ཚོ་ཆོལ་གསུམ་བོད་མི་རྣམས་ཁ་ཐོར་དང་གཏོར་བཤིག་གཏོང་ཐབས་སྔོན་མ་ནས་བྱས་ཡོད་ལ་ད་ལྟར་ཡང་བྱེད་བཞིན་ཡོད། དོན་དག་ཆུང་ཆུང་ཞིག་གི་དོན་དུ་བོད་མིའི་མཐུན་སྒྲིལ་དང་རྡོ་རྩ་གཅིག་སྒྲིལ་མེད་པར་བཟོས་ན། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལུས་སྲོག་བློས་གཏོང་མཁན་ཚོར་ངོ་ཚ་དགོས་པ་ཤིག་རེད་ལ། དེ་བཞིན་དུ་༸གོང་ས་མཆོག་གིས་ལོ་ངོ་དྲུག་ཅུ་ལྷག་ལ་སྐུ་ལས་བསྐྱོན་པ་དེར་ཡང་ང་ཚོས་བསམ་བློ་མ་བཏང་བ་ཆགས་པ་རེད། དེར་བརྟེན། ང་ཚོས་མཐུན་སྒྲིལ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ང་རང་ངོས་ནས་ནམ་ཡིན་ནའང་བོད་མི་ནང་ཁུལ་ལ་མཐུན་སྒྲིལ་ཡོང་ཐབས་ཀྱི་སྐོར་ལ་འབད་བརྩོན་ཞུ་བཞིན་ཡོད།

༣༽ སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་བོད་དོན་ལ་ཤུགས་རྐྱེན་ཅི་འདྲ་ཐེབས་ཡོད་པར་འདོད་དམ།

ལན། རིན་པོ་ཆེ་མཆོག་གིས་བོད་དོན་གྱི་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་འདོད། དེ་ཡང་ཁོང་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་ནས་བཟུང་། བོད་དང་རྒྱལ་སྤྱིའི་གསར་འགྱུར་ཁག་ཏུ་ཁོང་དང་ཁོང་དང་འབྲེལ་བའི་བོད་ཀྱི་གནས་ཚུལ་མང་པོ་ཐོན་ཡོད། སྐབས་དེར་མཚོན་ན། གསར་འགོད་པ་དང་། ཚོགས་སྡེ་ཁག ཆོལ་གསུམ་དབྱེར་མེད་ཀྱི་བོད་མི་ཚོས་རིིན་པོ་ཆེ་གློད་གྲོལ་ཡོང་ཐབས་དང་འབྲེལ་བའི་བོད་ཀྱི་གནས་ཚུལ་དང་བོད་དོན་ཐོག་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་ཡོད་ལ། དེ་བཞིན་དུ་མི་རྣམས་ཀྱིས་ཤུགས་ནུས་གང་ཡོད་བཏོན་ནས་རིན་པོ་ཆེའི་གནས་ཚུལ་དང་བོད་དོན་ཐད་ནས་གོ་རྟོགས་རྒྱ་ཆེར་སྤེལ་བ་རེད།

ད་ལྟའི་ཆ་ལ་མཚོན་ན། བོད་ཆོལ་ཁ་གསུམ་གྱི་བོད་མི་ཚོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མི་ཤེས་མཁན་ཕལ་ཆེར་མེད་པ་འདྲ་བོ་རེད། ཚང་མས་སེམས་ཐག་ཉེ་ས་ཞིག་དང་རླབས་ཆེན་གྱི་མི་སྣ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། དཔེར་ན། རིན་པོ་ཆེའི་སྲིང་མོ་དང་སྤུན་མཆེད་བཙོན་ཁང་དུ་ཁོང་ལ་ཐུག་འཕྲད་དུ་འགྲོ་སྐབས། རིན་པོ་ཆེ་ཡིས་ཁྱོད་ཚོས་ང་ལ་སྒོར་མོ་དེ་ཚོ་འཁྱེར་ཡོང་མི་དགོས། དེའི་ཐད་ནས་ང་ལ་དཀའ་ངལ་ཅི་ཡང་མེད། ང་ལ་མདོ་དབུས་ཁམས་གསུམ་གྱི་མི་སྣ་སྐད་གྲགས་ཅན་མང་པོས་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་ཀྱིས་ང་ལ་ཤ་དང་། མར། སྒོར་མོ་བཅས་སྤྲད་སོང་། ཞེས་གསུངས་འདུག དེར་བལྟས་པ་ཡིན་ན། བོད་ནང་གི་མི་སྣ་སྐད་གྲགས་ཅན་ཚོས་རིན་པོ་ཆེར་བརྩི་མཐོང་ཡོད་པ་གསལ་པོར་ཤེས་ཐུབ། བཙན་བྱོལ་ནང་ལ་མཚོན་ནའང་། ང་ཚོས་རིན་པོ་ཆེ་གློད་གྲོལ་ཡོང་ཐབས་སུ་རྒྱལ་སྤྱིའི་ཐོག་ནས་ལས་འགུལ་རིམ་པ་མང་པོ་སྤེལ་ཡོད་ལ། ཁོང་གི་མཛད་པ་འཕྲིན་ལས་བཤད་སྐབས་མི་རྣམས་ལ་སེམས་ཤུགས་སྐྱེས་པ་དང་། རྡོག་རྩ་གཅིག་སྒྲིལ་ཡོང་བར་ཕན་ཐོགས་བྱུང་ཡོད་པར་འདོད།

༤༽ ཉེ་དུས་གོ་གསལ་ལྟར་ན། རྒྱ་གཞུང་གིས་དར་མདོ་དང་ཉག་ཆུ་ཁ། དེ་བཞིན་མགོ་ལོག་དང་ཨོ་ཐོག་ཁུལ་སོགས་སུ་རི་ལུང་མང་པོ་བརྒྱུད་ནས་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་བྱས་དང་བྱེད་བཞིན་ཡོད་པའི་ཐད་ནས་དགོངས་ཚུལ་གང་ཡོད་དམ།

ལན། མེ་འཁོར་ལྕགས་ལམ་རྒྱག་བཞིན་པ་ནི་བདེན་པ་རེད། རྒྱལ་ཁབ་གཅིག་གིས་རྒྱལ་ཁབ་གཞན་ཞིག་བཙན་བཟུང་བྱས་རྗེས། རྒྱལ་ཁབ་དེར་ཡར་རྒྱས་གཏོང་དགོས་པ་བཙན་བཟུང་བྱེད་མཁན་གྱི་རྒྱལ་ཁབ་དེའི་ལས་འགན་རེད། འོན་ཀྱང་། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་ནས་ད་བར་ཡར་རྒྱས་ག་ཚོད་བཏང་ཡོད་མེད་དང་། ཡར་རྒྱས་དེ་ཚོས་བོད་མི་རྣམས་ལ་ག་ཚོད་ཕན་ཐོགས་ཡོད་མེད་བོད་མི་རྣམས་ཀྱིས་སེམས་ནང་གསལ་པོ་ཤེས་ཀྱི་ཡོད་རེད། སྔོན་མར་ཡར་རྒྱས་བཏང་ཡོད་ཟེར་བ་དེ་ཚོ་བོད་མིར་དམིགས་ནས་ཡར་རྒྱས་བཏང་མེད་ལ། ད་ལྟ་ལྕགས་ལམ་བཟོ་བཞིན་ཡོད་དེའང་བོད་མི་རང་ལ་ཕན་ཐོགས་པར་མི་འདོད། ལྕགས་ལམ་བཟོ་བསྐྲུན་བྱེད་པ་ནི་བོད་ཀྱི་གཏེར་ཁ་སྔོག་འདོན་དང་རྒྱ་མི་མང་པོ་ཞིག་བོད་ནང་ལ་དབོར་འདྲེན་བྱེད་རྒྱུའི་དམིགས་ཡུལ་རེད། ཁ་གཡར་ས་དེ་བོད་མི་རིགས་ལ་རོགས་རམ་དང་ཡར་རྒྱས་གཏོང་བཞིན་ཡོད་ཟེར་གྱི་ཡོད་རེད།

དཔེར་ན། རྒྱ་གཞུང་གིས་ཤིང་ནགས་སྲུང་སྐྱོབ་བྱེད་བཞིན་ཡོད་ཟེར་ནས་བོད་མི་རྣམས་ལ་དགུང་ཁའི་འབུད་ཤིང་གཅོད་རྒྱུ་ཁག་པོ་བཟོས། འོན་ཀྱང་། རྒྱ་གཞུང་གིས་བོད་ཀྱི་ཤིང་ནགས་རྣམས་གཏུབས་ནས་རི་རྣམས་སྐྲ་བཞར་བ་ལྟར་བཟོས་ཡོད་རེད། ག་དུས་ཡིན་ནའང་ཁོ་རང་ཚོའི་ཁེ་ཕན་ཆེད་བསམ་བློ་གཏོང་བ་ལས་བོད་མིའི་ཆེད་བསམ་བློ་གཏོང་གི་ཡོད་མ་རེད། གང་ལྟར། རྒྱ་གཞུང་གིས་བོད་ལ་ཡར་རྒྱས་བཏང་ཡོད་པ་ཤོད་བཞིན་ཡོད། དེ་འདྲ་ཡིན་ན། རྒྱལ་སྤྱིའི་གསར་འགོད་པ་དང་རྒྱལ་ཁབ་ཁག་གི་སྐུ་ཚབ་བོད་ནང་ལ་ཅིའི་ཕྱིར་གཏོང་གི་མེད་དམ། དྲང་མོར་བཤད་ན་དེ་ནི་འཁྲབ་སྟོན་རང་རེད། བོད་ནང་སྦས་རྒྱུ་དང་སྟོན་མི་ཉན་པ་དེ་འདྲ་ཡོད་ཙང་གཏོང་གི་ཡོད་མ་རེད།

ད་ལྟར་ཕ་ཡུལ་ལ་ལྕགས་ལམ་བཟོ་བཞིན་ཡོད་རེད། འོན་ཀྱང་། ཡུལ་མི་རྣམས་ལ་ལས་ཀ་རྣམས་མ་སྤྲད་པར་རྒྱ་མི་ཁྲི་ཁག་ཤས་འཁྲིད་ཡོང་ནས་གནས་སྡོད་བྱས་ཏེ་ལས་ཀ་བྱེད་བཞིན་འདུག ད་དུང་། ལྕགས་ལམ་བཟོ་བཞིན་ཡོད་པའི་སྐབས་སུ་བོད་མིའི་ནང་ཁུལ་འཁྲུག་པའི་ལས་ཀ་རྐྱང་བྱེད་བཞིན་འདུག དཔེར་ན། ལྕགས་ལམ་གྱི་ལམ་ཁ་ཁེལ་སའི་ས་བདག་ཚོར་སྒོར་མོ་ཁ་ཤས་སྤྲད་ནས་ཁ་བཀག་པ་དང་། བོད་མི་གཞན་དག་ཚོས་ལས་ཀ་སྤྲོད་དགོས་སྐོར་བཤད་དུས། སྒོར་མོ་སྤྲད་ཚར་ཡིན་ཟེར་ནས་བོད་མི་ཚོར་ལས་ཀ་མི་སྤྲད་པ་དེ་འདྲ་ཡོང་གི་འདུག དེ་ནས་བོད་མི་ནང་ཁུལ་གཅིག་གཅིག་ལ་མ་དགའ་དེ་འདྲ་ཆགས་ཀྱི་ཡོད་རེད། དེར་བརྟེན། ལྕགས་ལམ་འདི་ཡིས་ས་གནས་མི་མང་ལ་ཕན་ཐོགས་མེད་པ་མ་ཟད། གཏེར་ཁ་སྔོག་འདོན་སོགས་བྱས་ཏེ་ཁོར་ཡུག་ལའང་གཏོར་བཤིག་གཏོང་གི་འདུག མདོར་ན། ལྕགས་ལམ་བཟོ་བ་འདི་ནི། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་འཆར་གཞི་ཞིག་ཡིན་པར་འདོད།

༥༽ ཡུལ་མི་ཚོས་ཤིན་ཏུ་དད་གུས་ཞུ་ཡུལ་གྱི་གཞི་བདག་དང་བླ་རི་མང་པོ་ཞིག་ཕུག་ནས་ལྕགས་ལམ་བཟོ་བཞིན་པར་དགོངས་ཚུལ་ཅི་ཡོད།

ལན། ལྷ་དང་གཞི་བདག་གསོལ་བ་ནི་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་དང་འབྲེལ་བ་ཆེན་པོ་ཡོད། གལ་སྲིད་རྒྱ་གཞུང་གིས་བོད་མི་རིགས་ལ་བརྩི་བཀུར་བྱེད་བཞིན་ཡོད་ན། མེ་འཁོར་ལྕགས་ལམ་བཟོ་སྐབས། གཞི་བདག་གི་གནས་རི་ལ་ཐུག་སྐབས་གང་ཐུབ་ཀྱིས་གཡོལ་བྱེད་ངེས་རེད། འོན་ཀྱང་། རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་ལ་གུས་བརྩི་བྱེད་བཞིན་མེད་པས། དེ་ཚོ་སྣང་མེད་བཏང་ནས་གང་འདོད་བྱེད་བཞིན་ཡོད། མདོར་ན། བོད་ཀྱི་རིག་གཞུང་ལ་བརྩི་བཀུར་མི་བྱེད་པ་དང་། བོད་མིའི་སེམས་ཁམས་ཀྱི་ཚོར་བར་བསམ་བློ་མི་གཏོང་བ། དེ་བཞིན་ས་གནས་བོད་མི་དང་མཉམ་དུ་གྲོས་མོལ་གང་ཡང་མི་བྱེད་པར་གང་དྲན་གང་འདོད་བྱེད་བཞིན་ཡོད།

གལ་སྲིད་ཁོ་ཚོར་མི་འདོད་པའི་རྣམ་འགྱུར་སྟོན་མཁན་གྱི་བོད་མི་འདྲ་བྱུང་ན། དེ་མ་ཐག་མགོ་ལ་ཞྭ་མོ་ནག་པོ་གཡོག་གི་རེད། རྣམ་འགྱུར་ཏོག་ཙམ་བསྟན་ཀྱང་ཆབ་སྲིད་ནང་དུ་འཁྲིད་ནས། ཁྱོད་ཚོར་ལྟ་བ་ལངས་ཕྱོགས་ཁ་ཁ་རེད་འདུག ངོ་ལོག་པའི་ལས་ཀ་བྱེད་ཀྱི་འདུག་ཟེར་ནས་མ་ཉེས་ཁ་གཡོག་བྱས་ནས་གོང་ལ་ཡར་ཞུ་བྱེད་ངེས། གོང་ནས་བརྟག་དཔྱད་གང་ཡང་མི་བྱེད་པར་མ་ཉེས་ཁ་གཡོག་རང་འཇགས་བཞག་ནས་བཙོན་དུ་འཇུག་པ་སོགས་བྱེད། དཔེར་ན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ལྟ་བུ་རེད།

ད་ལྟར་ང་ཚོའི་ཕ་ཡུལ་ལ་ལྕགས་རི་བཟོ་བཞིན་པ་རེད། རྒྱ་གཞུང་གིས་ས་གནས་བོད་མི་ཚོའི་དད་ཡུལ་དང་སྲོལ་རྒྱུན་སྣང་མེད་ཀྱི་ཐོག་ནས་གནས་རི་རྩ་ཆེན་རྣམས་གཏོར་བཞིན་འདུག དཔེར་ན། ཐང་དཀར་མའི་གནས་རི་ཨ་ཟག་ལ་ཆ་བཞག་ན། ལྕགས་ཀྱི་རང་བཞིན་ལྡན་པའི་གནས་རི་ཞིག་རེད། རྒྱ་གཞུང་གིས་དེའི་བརྒྱུད་ནས་ལམ་ཁ་བཟོ་དང་བཟོ་བཞིན་འདུག མགོ་ལོག་ནས་ཨ་མྱེ་ར་ལྤགས་དང་ཨ་ཁུ་དཔའ་བོ་གྲགས་ལྡན་སོགས་རེད། གནས་རི་འདི་དག་ནི་ས་གནས་བོད་མི་ཚོ་ལོ་གསར་གྱི་སྐབས་སུ་གསོལ་བའི་གནས་རི་ཡིན་ལ་གཞི་བདག་ཀྱང་ཡིན།

འདིའི་ཐད་ནས། བོད་ནང་གི་བོད་མི་རྣམས་ལ་ཚོར་བ་དང་བསམ་ཚུལ་གང་ཡོད་ཤེས་རྟོགས་བྱུང་མ་སོང་། གང་ཡིན་ཟེར་ན། ཁོ་ཚོས་བཤད་ཕོད་ཀྱི་མི་འདུག བོད་མི་རེའི་རྒྱབ་ན་ལྟ་མཁན་མི་གཞན་ཁ་ཤས་བཞག་ཡོད་དུས། ཁོ་ཚོས་གང་བཤད་དང་འགྲོ་འདུག་སྤྱོད་གསུམ་གཞན་གྱིས་ལྟ་ཞིབ་འོག་ཏུ་གནས་ཡོད་རེད། འོན་ཀྱང་། སྐད་འཕྲིན་གྱི་ཚོགས་པ་ཁག་གི་ནང་དུ་སྐད་ཆ་བཤད་སྟངས་ལ་བལྟས་པ་ཡིན་ན། ཁོ་ཚོར་འདོད་པ་མེད་པ་དང་སེམས་ལ་སྡུག་བསྔལ་ཡོད་པ། ཁོག་ཏུ་མེ་འབར་ཀྱང་ཁ་ནས་དུ་བ་དོན་མི་ཆོག་ཟེར་བ་ལྟ་བུ་རེད། སྡུག་བསྔལ་ཡོད་ཀྱང་བཤད་པའི་རང་དབང་མེད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།