16
Tue, Apr

༢༠༢༡་ལོའི་སྲིད་སྤྱི་གཉིས་ཀྱི་ཐད་བསམ་ཚུལ་བརྗོད་མཁན་གྱི་གཞོན་སྐྱེས་ཁག

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༠་ཚེས་༢༠ཉིན། འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་གཞོན་སྐྱེས་ཉེར་གཅིག་ལ་སྤྱི་ལོ་༢༠༢༡ལོའི་སྲིད་སྤྱི་འོས་མི་དང་འབྲེལ་བའི་གཤམ་གསལ་དྲི་བ་གཉིས་ཀྱི་ཐད་ལ་བཅར་འདྲི་བྱས་ཡོད།

དང་པོ། ཁྱེད་ཀྱིས་༢༠༢༡ལོའི་སྲིད་སྐྱོང་ལ་མི་ག་འདྲ་ཞིག་སླེབས་ན་འདོད།
གཉིས་པ། ཁྱེད་ཀྱིས་༢༠༢༡ལོའི་སྤྱི་འཐུས་ལ་ཆ་རྐྱེན་ཅི་ཞིག་འཛོམས་དགོས་པར་འདོད། 

དང་པོ། ཟླ་བ་ཚེ་རིང་། སྦེང་ལོར་མཐོ་སློབ།(Kristu Jayanti College)        

སྲིད་སྐྱོང་། - སྲིད་སྐྱོང་ནི་ལས་འཆར་གསར་པ་སྒྲིག་ཐུབ་མཁན་དང་། གསར་གཏོད་པ་ཞིག རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་བོད་དོན་འཁྱེར་ཐུབ་མཁན་ཞིག་དགོས། ད་ལྟར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་རྒྱལ་སྤྱི་དང་རྒྱ་ནག་ནང་ཁུལ་གཉིས་སུ་དཀའ་ངལ་རིམ་པར་འཕྲད་བཞིན་ཡོད་སྟབས། འདིའི་ཐད་ནས་ཀྱང་གོ་སྐབས་འཛིན་ཐུབ་མཁན་དང་། བོད་ཀྱི་རང་དབང་གི་ཆེད་དུ་འཐབ་རྩོད་དང་འབད་བརྩོན་བྱེད་ཐུབ་མཁན་ཞིག་དགོས།

སྤྱི་འཐུས། - སྤྱི་འཐུས་ཀྱང་སྲིད་སྐྱོང་བཞིན་གལ་ཆེན་པོར་མཐོང་། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་མཁན་དང་། ཆོས་ལུགས་ཀྱི་བག་ཆགས་ཟབ་མོ་མེད་པའི་བསམ་བློ་གུ་ཡངས་ཅན། བོད་མི་ཚང་མའི་ངོ་བོ་མཚོན་ཐུབ་མཁན་བཅས་ཀྱི་སྤྱི་འཐུས་ཤིག་དགོས།

གཉིས་པ། བསྟན་འཛིན་ཆོས་སྒྲོན། (ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་།) 

སྲིད་སྐྱོང་། - ངའི་༢༠༢༡ ལོའི་སྲིད་སྐྱོང་ནི། ༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་མིའི་དཔོན་རིགས་ཀྱི་མཉམ་དུ་ཞི་བའི་གྲོས་མོལ་བྱེད་ཐུབ་མཁན་ཞིག་དང་། བོད་མང་ཡོངས་ལ་ཉེ་རིང་མེད་པར་གཟིགས་མཁན་ཞིག་དགོས།

སྤྱི་འཐུས། - ད་ལྟའི་མི་མང་གི་གནས་སྟངས་དང་དཀའ་ངལ་ལ་སེམས་འཁུར་བྱེད་མཁན་ཞིག་དང་། ཆེས་གལ་འགངས་ཆེ་བ་ཞིག་ནི་ཕན་ཚུན་གྱི་འཁོན་འགྲས་དང་འགྲན་རྩོད་སྤྱི་འཐུས་ར་བའི་ནང་དུ་འཁྱེར་ཡོང་ནས་སྤྱི་ཚོགས་འཆམ་མཐུན་མེད་པར་བཟོ་མཁན་ཞིག་མི་དགོས།

 གསུམ་པ། བསྟན་འཛིན་དཀོན་མཆོག (མོན་གྷོ་མཐོ་སློབ།) 

 སྲིད་སྐྱོང་། - ངས་རེ་བའི་མ་འོངས་པའི་༢༠༢༡ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ནི། ཆོལ་ཁ་དང་ཆོས་བརྒྱུད་གང་ནས་སླེབས་ཀྱང་དགའ་བསུ་དང་འཚམས་འདྲི་ཡོད། ངའི་རེ་བ་གཙོ་བོ་ནི་བོད་དུ་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་བ་དང་མངོན་འདོད་སྒྲུབ་པའི་རྒྱ་བོད་བར་གྱི་དཀའ་རྙོག་སེལ་བའི་ཐབས་མཆོག་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ལངས་ཕྱོགས་སྲ་བརྟན་དང་། སྲིད་བྱུས་དེའི་རང་བཞིན་ཁྱད་ཆོས་དག་ཁྱབ་གདལ་རྒྱ་ཆེར་ཕྱིའི་རྒྱལ་ཁབ་ཁག་དང་བོད་དོན་རྒྱབ་སྐྱོར་བ་ཚོར་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་དམིགས་བསལ་ལྟ་བའི་ཁ་ཕྱོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་སྲིད་བྱུས་ཀྱི་དགོངས་དོན་ཚུལ་བཞིན་འགྲེལ་བརྗོད་དང་རྒྱུན་སྐྱོང་སྔར་ལྷག་བྱ་རྒྱུ། གཞན་ཡང་བོད་རིགས་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་དང་ཤེས་ཡོན་ཡར་རྒྱས་དེ་བཞིན་འཕྲོད་བསྟེན་སོགས་འཐུས་ཚང་དུ་གཏོང་རྒྱུ་དང་། བོད་བསྟན་སྲིད་མི་མང་ལ་སྲི་ཞུ་ལྷག་བསམ་ཟོལ་མེད་ཞུ་ཐུབ་མཁན། དེ་ཡང་ཁ་ནས་བཤད་པ་ཙམ་མ་ཡིན་པར་ཕྱག་ལས་ཀྱིས་གྲུབ་འབྲས་མངོན་གསལ་ཡོད་པ་ཞིག་གང་ཐུབ་མཁན་དེ་ངའི་སེམས་ནས་རེ་བའི་མ་འོངས་པའི་༢༠༢༡ལོའི་སྲིད་སྐྱོང་དེ་ཡིན།

སྤྱི་འཐུས། - བཀུར་འོས་པའི་མ་འོངས་པའི་སྤྱི་འཐུས་རྣམས་ལ་ཚང་དགོས་པའི་ཆ་རྐྱེན་ནི་གཙོ་བོ་ཁོང་རྣམས་ཀྱི་ཤེས་ཡོན་དང་ལྷག་བསམ་གཉིས་ཀྱི་འཇོན་ཐང་རྣམས་བོད་མི་རིགས་ཀྱི་རྩ་དོན་གྱི་སླད་དུ་སྲི་ཞུ་བླ་མེད་བསྒྲུབ་རྒྱུ་དང་། ལུང་ཚན་དང་སྒེར་དོན་སོགས་ཀྱི་ལྟ་བ་ངན་པ་དགྲ་དགའ་གཉེན་སྡུག་གི་རིགས་རྣམས་འདོར་ཏེ། བོད་རིགས་ཀྱི་མཐུན་སྒྲིལ་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་ཐུབ་པའི་འགན་འཁྲི་བཞེས་ནུས་པའི་ཆ་རྐྱེན་དགོས། དེ་བཞིན་སྤྱི་འཐུས་རྣམས་ཀྱིས་བཅའ་ཁྲིམས་རིན་པོ་ཆེས་བསྐུལ་བའི་ལས་དོན་སྐབས་འབབས་རྣམས་བཀའ་བཞིན་ཞུ་རྒྱུ་དང་། བོད་མིའི་བདེན་དོན་སེལ་བའི་དབུ་མ་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་བོད་དོན་རྒྱབ་སྐྱོར་ཆེད་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ལ་བོད་དོན་ལས་འགུལ་གོ་རྟོགས་གང་ལེགས་ཁྱབ་སྤེལ་གནང་རྒྱུ། བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ཆེའི་མི་མང་གི་བདེ་སྡུག་གི་གནས་སྟངས་སོགས་ལ་འགན་ཁུར་གང་ལེགས་གནང་རྒྱུ་ནི། མི་མང་གིས་འོས་འདེམས་བྱས་པའི་སྤྱི་འཐུས་དེའི་ཆ་རྐྱེན་དང་འགན་འཁྲི་ཡིན་པས། ངེས་པར་དུ་དེ་ལྟར་གང་ལེགས་གྲུབ་ཐུབ་པའི་ཆ་རྐྱེན་དགོས་པ་ཡིན།

 བཞི་པ། པདྨ་ཆོས་སྐྱིད། ཇ་ཧ་ལ་ནེ་རོའི་སློབ་ཆེན། (JNU,Delhi)

 སྲིད་སྐྱོང་། - ངའི་༢༠༢༡་ལོའི་སྲིད་སྐྱོང་ནི། ཤེས་འཇོན་གཉིས་ལྡན་དང་། ཆོལ་ཁ་དང་ཆོས་ལུགས། ལུང་ཚན་དབྱེ་འབྱེད་མི་བྱེད་མཁན་ཞིག་དང་། གཞན་ཕྱི་རྒྱལ་ཁབ་ཁག་དང་མཉམ་དུ་ནུས་པ་ཐོན་པའི་འབྲེལ་མཐུད་བྱེད་ཐུབ་མཁན་ཞིག བོད་ནང་གི་བོད་མིའི་མངོན་འདོད་སྒྲུབ་ཐུབ་མཁན་ཞིག དེ་བཞིན་བཙན་བྱོལ་བོད་མི་གཞིས་ཆགས་དང་ཤེས་ཡོན་ཡར་རྒྱས་གཏོང་ཐུབ་མཁན་བཅས་དགོས།

སྤྱི་འཐུས། - སྤྱི་འཐུས་ལ་ཚང་དགོས་པའི་ཆ་རྐྱེན་ནི། ཤེས་འཇོན་གཉིས་ལྡན་ཞིག་དང་། ཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེ་འབྱེད་མེད་པ། ཁྲིམས་དང་སྒྲིག་གཞི་གོང་ཏུ་བཀུར་མཁན། བཅའ་ཁྲིམས་རིན་པོ་ཆེ་ངེས་པར་དུ་ཤེས་དགོས་པ། རྒྱལ་སྤྱིའི་ཁྲིམས་དང་གནས་ཡུལ་ཁྲིམས་ངེས་པར་ཤེས་དགོས་པ་བཅས་ཡིན།

 ལྔ་པ། དཀོན་མཆོག་རིན་ཆེན། སྦེང་ལོར་ཁྲིམས་ལུགས་སློབ་ཆེན། (CMR Law School)

 སྲིད་སྐྱོང་། - ངའི་༢༠༢༡ ལོའི་སྲིད་སྐྱོང་ནི། གནའ་དེང་གི་ཤེས་ཡོན་དང་ཉམས་མྱོང་ཡོད་མཁན་གྱི་ན་གཞོན་ཞིག་དང་། དུས་རབས་༢༡་དང་མཐུན་པའི་ལས་འཆར་དང་ལས་གཞིའི་ཐོག་གསར་གཏོད་ཀྱི་རྣམ་པ་ཡོད་མཁན་ཞིག དེ་བཞིན་བོད་མིའི་ནང་ཁུལ་མཐུན་སྒྲིལ་དང་རྡོག་རྩ་ཆིག་སྒྲིལ་བྱེད་ཐུབ་མཁན་ཞིག དབུ་མའི་ལམ་དང་རང་བཙན་འཐབ་རྩོད་བྱེད་མཁན་རྣམས་མཉམ་འཁྲིད་ཐུབ་མཁན་ཞིག དེར་ལྟར་བྱུང་ན། བོད་དོན་ཐོག་ལས་འགུལ་རྒྱ་ཆེན་སྤེལ་ཐུབ། རྒྱལ་སྤྱིའི་ཁ་ཕྱོགས་དང་བསྟུན་ནས་བོད་དོན་རྒྱལ་སྤྱིའི་རང་བཞིན་གྱི་གནད་དོན་ཞིག་བཟོ་ཐུབ་མཁན་དང་ལས་འགུལ་སྤེལ་ཐུབ་མཁན་བཅས་ཀྱི་སྲིད་སྐྱོང་ཞིག་དགོས། གཞན་ཡང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་ཐུབ་མཁན་ཞིག་དང་དེ་བཞིན་བོད་རྒྱ་གྲོས་མོལ་འགོ་འཛུགས་ཐུབ་མཁན་ཞིག དམིགས་བསལ་བོད་ནང་གི་གནད་ཡོད་མི་སྣ་དང་མཉམ་དུ་འབྲེལ་བ་འཛུགས་ཐུབ་མཁན་ཞིག་དང་། བོད་གཞིས་བྱེས་མཉམ་འཛོམས་ཡོང་བར་ནུས་པ་འདོན་ཐུབ་མཁན་བཅས་ཀྱི་སྲིད་སྐྱོང་ཞིག་དགོས།

སྤྱི་འཐུས། - ཤེས་ཡོན་དང་ཉམས་མྱོང་། གདེང་ཚོད་ཡོད་མཁན་ཞིག་དང་། རྒྱལ་སྤྱིའི་ཐོག་བོད་དོན་ལས་འགུལ་སྤེལ་ཐུབ་མཁན། སྡིངས་ཆ་ག་འདྲ་ཞིག་རེག་ཀྱང་བོད་དོན་ཐོག་ཤོད་ཐུབ་མཁན། བོད་མི་རྣམས་འགོ་ཁྲིད་ནས་དགྲ་དམར་རྒྱ་ནག་ལ་ཕར་སྐད་ཆ་ཤོད་ཐུབ་མཁན་ཞིག་དགོས་པ་མ་གཏོགས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། སྤྱི་འཐུས་སུ་ལངས་པའི་ཐོབ་ཐང་ཡོད་བསམས་ནས་སྤྱི་འཐུས་ལ་ལངས་པ་ཡིན་ན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོང་བརླག་པའི་ཉེན་ཁ་འདུག ད་དུང་ཆབ་སྲིད་དང་ཁྲིམས་ལུགས་ཐོག་གོ་རྟོགས་ཡོད་མཁན་ཞིག་དང་། གཞུང་དང་མི་མིང་གི་འབྲེལ་ལམ་ལེགས་པོ་བཟོ་ཐུབ་མཁན་ཞིག་དགོས་ལ། བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་དང་བོད་དོན་ཐོག་ལས་འགུལ་སྤེལ་ནས་བཙོན་ཁང་དུ་ཡོད་པའི་བོད་མི་ཚོས་ཆོལ་ཁ་དང་ཆོས་ལུགས་བསམས་ནས་ལས་འགུལ་སྤེལ་བ་མིན་པར་བོད་སྤྱི་ཡོངས་བསམས་ནས་ལས་འགུལ་སྤེལ་བ་ཡིན་ཙང་། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མི་བྱེད་པར་བོད་མི་རིགས་ཡོངས་ཀྱི་ཆེད་དུ་བསམ་བློ་གཏོང་མཁན་གྱི་སྤྱི་འཐུས་ཤིག་དང་། བོད་ནང་གི་བོད་མིའི་མངོན་འདོད་རྟོགས་ཐུབ་མཁན་དང་རྒྱལ་སྤྱིའི་སྡིངས་ཆ་ཐོག་ཏུ་ཁོ་ཚོའི་དཀའ་སྡུག་བཤད་བྱེད་ཐུབ་མཁན་ཞིག་དགོས།

 དྲུག་པ། སྒྲོལ་མ་དབྱངས་འཛོམས། ལྡི་ལི་སློབ་ཆེན། (Delhi University)

 སྲིད་སྐྱོང་། - སྲིད་སྐྱོང་ནི། བོད་མི་རིགས་ཀྱི་ཆེད་དུ་ལས་དོན་བསྒྲུབ་མཁན་ཞིག་དང་བོད་མིའི་མ་འོངས་པའི་ཆེད་དུ་འཆར་གཞི་ལེགས་པོ་སྒྲིག་ཐུབ་མཁན་ཞིག་དགོས། དེ་བཞིན་བཙན་བྱོལ་བོད་མིའི་ཆེད་དུ་དཔལ་འབྱོར་དང་། ཆབ་སྲིད། ཤེས་ཡོན། སྤྱི་ཚོགས་བཅས་ཀྱི་ཐོག་ཡར་རྒྱས་གཏོང་ཐུབ་མཁན་ཞིག་དགོས།

སྤྱི་འཐུས། - སྤྱི་འཐུས་ནི་རྣམ་དཔྱོད་དང་ནུས་པ་ལྡན་པ་ཞིག་དང་། ལས་དོན་ཐོག་དྲང་བདེན་བྱེད་མཁན་ཞིག་དགོས། དེ་བཞིན་ཉམས་མྱོང་དང་སྐད་ཆ་ཤོད་པའི་རྩལ་ཡོད་དགོས།

 བདུན་པ། བསོད་ནམས་རྒྱལ། (ལྷོ་ཕྱོགས་སྦེལ་ཀོབ།)

 སྲིད་སྐྱོང་། - ཕྱིའི་གོ་སྐབས་འཛིན་མཁས་ཤིང་ནང་གི་མཐུན་སྒྲིལ་སྲུང་མཁས་པའི་སྲིད་སྐྱོང་བསམ་བློ་བ་ཞིག་དགོས།

སྤྱི་འཐུས། - རང་ངོས་ནས་བོད་དོན་འཐབ་རྩོད་ཀྱི་ལས་དོན་སྒྲུབ་པའི་སྤྱི་འཐུས་ལས་འགུལ་བ་ཞིག་གི་ཆ་རྐྱེན་ཚང་དགོས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།