18
Thu, Apr

༢༠༢༠་ལོའི་ཧི་མ་ལ་ཡའི་རོལ་དབྱངས་མཉམ་ཚོགས་དགོང་ཚོགས་ཀྱི་སྐབས་ཀྱི་གཞས་པ་དང་གཞས་མ་ཚོའི་པར།

བཅར་འདྲི།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༢་ཚེས་༢༩་ཉིན་སྤེལ། སྤུན་ཟླའི་རོལ་ཚོགས་ཀྱི་སྐོར་ལ་བཅར་འདྲི་དང་འབྲེལ། ངའི་མིང་ལ་བསྟན་འཛིན་ཆོས་རྒྱལ་ཟེར། ཡིན་ནའང་། ངས་༧གོང་ས་མཆོག་ལ་ན་བཟའ་དམར་པོ་ཞེས་པའི་བསྟོད་གླུ་དེ་ཕུལ་བ་ནས་བཟུང་། ངའི་མིང་ལ་ན་བཟའ་དམར་པོ་ཞེས་འབོད་ཀྱི་འདུག དེ་ཡང་། སྤུན་ཟླའི་རོལ་ཚོགས་ཀྱི་ཚོགས་པ་ནི་བཙན་བྱོལ་ནང་གི་བོད་ཀྱི་གཞས་པ་གཞས་མ་ཚོ་ལ་ཆེད་དུ་བསྐྲུན་པའི་སྡིངས་ཆ་ཧ་ཅང་གལ་ཆེ་ཞིག་ཡིན་པ་མ་ཟད། མི་དམངས་ཚོས་ཀྱང་དགའ་བསུ་ཆེས་ཆེན་པོ་ཐོབ་པའི་ཚོགས་པ་ཞིག་རེད་འདུག

ཚོགས་པ་འདིས་ད་ལོ་ ༢༠༢༠ ལོའི་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྐབས། བོད་པ་དང། འབྲུག་པ། ལ་དྭགས། བལ་ཡུལ། རྒྱ་གར་སོགས་ཀྱི་གཞས་པ་གཞས་མ་སྐད་གྲགས་ཅན་བརྒྱད་ཡས་མས་ཤིག་གིས་མཉམ་ལེན་གྱི་སྙན་པོ་དབྱངས་ཀྱི་གླུ་ཡི་མཆོད་པ་ཆེན་པོ་ཞིག་འབུལ་རྒྱུའི་གྲ་སྒྲིག་ཆ་ཚང་བྱས་ཟིན་འདུག

ཚོགས་པ་འདིའི་སྐོར་ལ་ཚོགས་གཙོ་བསྟན་འཛིན་ཆོས་རྒྱལ་ལགས་དང་། གཞས་པ་ན་བཟའ་དམར་པོ་ལགས། གཞས་མ་བསྟན་འཛིན་སྒྲོལ་མ་བཅས་ལ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་བཅར་འདྲི་བྱས་ཡོད།

༡༽ དྲི་བ། སྤུན་ཟླའི་རོལ་ཚོགས་ཀྱི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཆོས་རྒྱལ་ལགས་བཀྲ་ཤིས་བདེ་ལེགས། ཐོག་མར་ཁྱེད་ཀྱིས་ཚོགས་པ་འདི་ངོ་སྤྲོད་ཅིག་གནང་རོགས།

ལན། ཐོག་མ་དེར་རྒྱ་ཆེ་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ། ངའི་མིང་ལ་བསྟན་འཛིན་ཆོས་རྒྱལ་ཟེར། ཚོགས་པ་འདི་༢༠༡༤ལོ་འགོ་བཙུགས་པ་ནས་ཡོ་རོབ་སོགས་ལ་བོད་ཀྱི་གླུ་གཞས་ཀྱི་འཁྲབ་སྟོན་མང་པོ་ཡོད། དེ་བཞིན། ༢༠༢༠ ལོའི་བོད་ཀྱི་ལོ་གསར་སྐབས། ང་ཚོས་ཧི་མ་ལ་ཡའི་རོལ་དབྱངས་མཉམ་ཚོགས་ཤིག་གོ་སྒྲིག་བྱས་པ་ཡིན། ད་ལོ་གོ་སྒྲིག་འདི་འདྲ་བྱེད་དགོས་དོན་གཙོ་བོ་ནི། བོད་པ་དང་ཧི་མ་ལ་ཡ་བར་ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་ནས་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་དེ། ད་དུང་ཡང་མུ་མཐུད་ནས་མཉམ་གནས་ཐུབ་པའི་ཆེད་དུ་ཡིན།

༢༽ དྲི་བ། ཁྱེད་ཚོས་སྤུན་ཟླའི་རོལ་ཚོགས་འདི་ལ་མ་འོངས་པའི་འཆར་གཞི་ག་རེ་ཡོད་དམ།

ལན། སྤྱིར་གཏང་ནས་ང་ཚོའི་རྩ་བའི་བླ་མ་༧སྐྱབས་མགོན་རིན་པོའི་བཀའ་དྲིན་ལས་འཛམ་བུ་གླིང་འདིའི་ཐོག བོད་ཀྱི་ཆོས་དང་རིག་གཞུང་དར་ཁྱབ་ཆེན་པོ་འགྲོ་བཞིན་ཡོད་རེད། ད་དུང་དེའི་ཐོག ང་ཚོ་བོད་པ་མི་རེ་ངོ་རེས་འགན་ཁུར་ནས་ང་ཚོས་གླུ་གཞས་ཀྱི་བརྒྱུད་ནས་འཛམ་གླིང་འདིའི་སྟེང་བོད་ཀྱི་རིག་གཞུང་ཁྱབ་སྤེལ་བྱ་ཐུབ་ན་བསམ་ནས་འབད་བརྩོན་ཤུགས་ཆེན་བྱེད་བཞིན་ཡོད།

༣༽ དྲི་བ། ཁྱེད་ལ་རང་རིགས་བོད་རིགས་སྤུན་ཟླ་ཡོངས་ལ་དམིགས་བསལ་གང་ཞུ་རྒྱུ་ཡོད།

ལན། ང་ཚོའི་བོད་ཀྱི་སྤྱི་ཚོགས་ནང་ལས་འགུལ་ཆེ་ཆུང་གང་འདྲ་ཞིག་སྤེལ་ནའང་མི་དམངས་ཚོས་རྒྱབ་སྐྱོར་བྱེད་རྒྱུ་དེ་གལ་ཆེན་པོ་འདུག ང་ཚོ་ལའང་ད་ལྟ་བར་དུ་རྒྱབ་སྐྱོར་ཧ་ཅང་ཆེན་པོ་གནང་བྱུང་མ་འོངས་པ་ཡིན་ནའང་རྒྱབ་སྐྱོར་ཤུགས་ཆེན་གནང་རོགས་ཞུ་རྒྱུ་ཡིན།

བོད་ཀྱི་གཞས་པ་ན་བཟའ་དམར་པོའང་བསྟན་འཛིན་ཆོས་རྒྱལ་ལགས་སུ་བཅར་འདྲི།

༡༽ དྲི་བ། གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་བཀྲ་ཤིས་བདེ་ལེགས། ཁྱེད་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། བཀྲ་ཤིས་བདེ་ལེགས། ངའི་མིང་ལ་བསྟན་འཛིན་ཆོས་རྒྱལ་ཟེར། ཡིན་ནའང་། ངས་༧གོང་ས་མཆོག་ལ་བསྟོད་གླུ་ན་བཟའ་དམར་པོ་ཞེས་པ་དེ་ཕུལ་བ་ནས་བཟུང་། ངའི་མིང་ལ་ན་བཟའ་དམར་པོ་ཞེས་འབོད་ཀྱི་འདུག ང་རང་སྐྱེས་ས་བལ་ཡུལ་ནས་ཡིན། བལ་ཡུལ་ནས་སློབ་གྲྭ་རིམ་པ་མཐར་ཕྱིན་རྗེས། ཁེ་ཎ་ཊ་ལ་སྒྲ་ལ་དམིགས་བསལ་ཆེད་ལས་སློབ་སྦྱོང་བྱས་ནས་དེའི་ཐོག་ལས་ཀ་བྱེད་བཞིན་ཡོད།

༢༽ དྲི་བ། ད་རེས་ཁྱེད་རང་སྤུན་ཟླའི་རོལ་ཚོགས་ནང་ཞུགས་ནས་གཞས་གཏོང་བའི་རྒྱུ་མཚན་གང་ཡིན་ནམ།

ལན། སྤུན་ཟླའི་རོལ་ཚོགས་ཀྱི་སྡིངས་ཆ་འདི་ཚད་དང་ལྡན་པ་ཡག་པོ་ཞིག་མཐོང་སོང་། ང་རང་གཞས་པ་ཞིག་ལ་མཚོན་ན་གཞས་གཏོང་ས་སྡིངས་ཆ་དེ་ཡག་པོ་ཞིག་ཡོད་ན་སྤྱི་ཚོགས་ལ་ཚོར་བ་ཤུགས་ཆེན་པོ་ཞིག་སྤྲོད་ཐུབ་པ་མ་ཟད། ༧གོང་ས་མཆོག་གིས་བཀའ་སློབ་ལ་ང་ཚོ་བོད་པ་ལ་མི་རེ་ངོ་རེ་ལ་འགན་རེ་ཡོད་གསུངས་པ་དེ་དྲན་བཞིན་ང་རང་གིས་ཀྱང་གཞས་གཏོང་ནས། མ་འོངས་པ་སྤྱི་ཚོགས་སུ་ཞབས་ཞུ་ཞིག་བསྒྲུབ་ན་ནུས་ཤུགས་དང་ལྡན་པ་ཞིག་ཆགས་ས་རེད་བསམ་ནས་ཚོགས་པ་འདིའི་ནང་གཞས་གཏོང་གིན་ཡོད།

༣༽ དྲི་བ། ཁྱེད་ཀྱིས་སྔོན་མ་༸གོང་ས་མཆོག་ལ་བསྟོད་གླུ: ན་བཟའ་དམར་པོ་དང་ཡིད་བཞིན་ནོར་བུ་གཉིས་གཏོང་ནས་བོད་ཕྱི་ནང་གཉིས་ལ་སྐད་གྲགས་ཆེན་པོ་ཆགས་པ་རེད། གཞས་དེ་ཡང་བསྐྱར་ད་ལོའི་འཁྲུངས་སྐར་སྐབས་བོད་པ་དང་ལ་དྭགས། འབྲུག་པ། བལ་ཡུལ་སོགས་ནས་གཞས་པ་གཞས་མ་བརྒྱད་ཡས་མས་ཤིག་གིས་མཉམ་དུ་གཏོང་འཆར་ཡོད་རེད་ཟེར། དེའི་སྐོར་ག་འདྲ་རེད།

ལན། ངས་༢༠༠༡ ལོར་ཡིད་བཞིན་ནོར་བུ་ཟེར་བའི་གཞས་དེ་བཟོས་པ་ཡིན། དེ་ནས་ ༢༠༡༡ ལོ་ན་བཟའ་དམར་པོ་བཟོས་པ་ཡིན། གཞས་དེ་གཉིས་ལ་མི་དམངས་ཚོས་ཧ་ཅང་དགའ་མོས་ཆེན་པོ་གནང་བྱུང་། གཙོ་བོ་དེ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བྱིན་རླབས་ལ་རྟེན་ནས་ངའི་གཞས་དེས་བོད་རིགས་སྤུན་ཟླ་ཡོངས་ལ་ཚོར་བ་ཤུགས་ཆེན་པོ་ཞིག་སྤྲོད་ཐུབ་སོང་། མ་ཚད་ད་ལོ་༢༠༢༠ ལོར་ང་ཚོ་བོད་པ་དང་འབྲུག་པ། ལ་དྭགས་དང་བལ་ཡུལ་སོགས་ཀྱི་གཞས་པ་གཞས་མ་མང་པོ་ཞིག་གིས་མཉམ་དུ་གཞས་ན་བཟའ་དམར་པོ་དང་ཡིད་བཞིན་ནོར་བུ་གཉིས་མཉམ་ལེན་གྱིས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་པོ་དབྱངས་ཀྱི་མཆོད་པ་ཆེན་པོ་ཞིག་ཕུལ་འཆར་ཡོད།

བོད་ཀྱི་གཞས་མ་བསྟན་འཛིན་སྒྲོལ་མ་ལགས་ལ་བཅར་འདྲི་བྱས་པ།

༡༽ དྲི་བ། གཞས་མ་བསྟན་འཛིན་སྒྲོལ་མ་ལགས་བཀྲ་ཤིས་བདེ་ལེགས། ད་རེས་ཁྱེད་རང་སྤུན་ཟླའི་རོལ་ཚོགས་ལ་གཞས་གཏོང་མཁན་སླེབས་པའི་དམིགས་ཡུལ་གང་ཡིན།

ལན། སྤུན་ཟླའི་རོལ་ཚོགས་འདི་གཞན་དང་མ་འདྲ་བའི་སྡིངས་ཆ་ཡག་པོ་ཞིག་མཐོང་སོང་། ཚོགས་པ་འདིའི་ནང་གཞས་པ་གཞས་མ་སྐད་གྲགས་ཅན་མང་པོ་འདུས་ནས། ང་ཚོ་བོད་ཀྱི་གླུ་གཞས་འཁྲབ་སྟོན་འདི་འདྲ་བྱེད་པ་དེ་སོ་སོའི་རིག་གཞུང་ལ་བདག་པོ་རྒྱག་གིན་འདུག་བསམ་ནས་ཡོང་བ་ཡིན། དེ་མ་ཟད། ང་ཚོ་བོད་པ་མང་པོ་ཞིག་གིས་ང་རང་ལ་དགའ་མོས་ཧ་ཅང་བྱེད་གིན་འདུག་པས། ཁོང་རྣམ་པར་བཀའ་དྲིན་གསོ་ཐུབ་ས་རེད་བསམ་སོང་།

༢༽ དྲི་བ། ཁྱེད་རང་ས་ཆ་མང་པོ་ལ་གཞས་གཏོང་ཆེད་འགྲོ་སྐབས་ཚོར་སྣང་ག་འདྲ་ཡོང་གི་འདུག་གམ།

ལན། ང་རང་ད་ལྟ་བར་དུ་ཨ་རི་དང་རྒྱ་གར་སོགས་ལ་གཞས་མང་པོ་བཏང་པ་ཡིན། དེ་ལ་མི་མང་ཚོས་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེན་པོ་གནང་པ་ལ་བརྟེན་ནས། ང་རང་ད་དུང་ཡང་གཞས་གཏོང་རྒྱུར་འདོད་པ་ཆེ་རུ་འགྲོ་གིན་འདུག བོད་མི་རིགས་ནི་མི་རིགས་གཞན་དང་བསྡུར་ན་མི་གྲངས་ཧ་ཅང་ཉུང་ཉུང་རེད། འོན་ཀྱང་། བོད་བདེན་པའི་འཐབ་རྩོད་ཀྱི་ཐོག་ནས་བཤད་ན་འདྲ། ཆོས་དང་རིག་གཞུང་བདག་པོ་རྒྱགས་རྒྱུ་ཡིན་ན་འདྲ། ཚང་མས་ཧུར་ཐག་ཐོག་ནས་འབད་བརྩོན་ཆེན་པོ་བྱེད་པར་མཐོང་དུས། རང་ཉིད་རང་རིགས་སྤུན་ཟླ་ཡོངས་ལ་དགའ་མོས་ཤུགས་ཆེན་རུ་འགྲོ་བའི་ཚོར་བ་ཡོང་གི་འདུག

༣༽ དྲི་བ། ཁྱེད་ལ་དམིགས་བསལ་སྐད་ཆ་འདྲ་བཤད་ཡ་ཡོད་དམ།

ལན། ང་རང་ཚོ་ལ་རྒྱལ་ཁབ་མེད་དུས་མཚམས་རེ་སེམས་པ་སྐྱོ་གིན་འདུག ཡིནའང་༧གོང་ས་མཆོག་གི་བཀའ་དྲིན་ལས་ང་ཚོ་བོད་པ་ཚོ་རྒྱལ་ཁབ་ག་བ་གཞིས་ཆགས་ཡོད་ནའང་ཚང་མ་སྐྱིད་པོ་རེད་འདུག འོན་ཀྱང་ང་ལ་རེ་བ་ཞིག་ཡོད་པ་ནི་བོད་པ་གཞས་གཏོང་མཁན་ཡིན་ནའང་། ཚོང་པ་ཡིནའང་། སློབ་ཕྲུག་ཡིན་ནའང་ཚང་མས་བོད་དོན་ཐོག་ཤུགས་རྒྱག་རྒྱུ་དང་། བོད་རིགས་ནང་ཁུལ་འཆམ་མཐུན་ཡག་པོ་གནང་རོགས་ཞུ་རྒྱུ་ཡིན།

བོད་ཀྱི་ལོ་རྒྱུས་ཡིག་ཆ།