19
Fri, Apr

བོད་ཇ་དཀར་ཡོལ་གང་དྲན་པ་ཉུང་ཉུང་མིན།

བཟའ་བཏུང་།
ཡིག་གཟུགས་སྒྲིག་ཆས།

སྤྱིར་འགྲོ་བ་མིའི་རིགས་སུ་གྱུར་བ་གང་དང་གང་ཡིན་རུང་ཚང་མ་ཟས་སྐོལ་གཡོས་སྤྱོར་ལ་བརྟེན་ནས་འཚོ་གནས་བྱེད་དགོས་ལ།མིའི་འགྲོ་བ་དེ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རིམ་གྱིས་འཕེལ་རྒྱས་སོང་བ་དང་། བསྟུན་ནས་བཟའ་བཅའི་རྣམ་པ་ལའང་འགྱུར་ལྡོག་མང་པོ་བྱུང་ཡོད།

ཟས་སྐོམ་ནི་འཇིག་རྟེན་ཆགས་རྗེས་སུ་བྱུང་སྔ་ཤོས་ཀྱི་གྲས་ཤིག་ཡིན་ལ།མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བར་འཕེལ་རྒྱས་ག་འདྲ་ཕྱིན་ན་རྒྱུན་སྤྱོད་འཚོ་བའི་ཐབས་ཤེས་ལའང་དེ་ཙམ་གྱིས་འགྱུར་བ་དང་འཕེལ་རྒྱས་ཕྱིན་ཡོད། མི་རྣམས་ཀྱིས་རང་གི་ཐུན་མོང་མ་ཡིན་པའི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་ས་དབྱིབས་ཆགས་ཚུལ་དང༌།གནམ་གཤིས་ཚ་གྲང༌།རང་ཉིད་འཚོ་བའི་ཁོར་ཡུག་གི་ཆ་རྐྱེན་བཅས་ལ་གཞིགས་ཏེ་དེ་འཚམས་ཀྱི་ཡུལ་གྲུ་སོ་སོའི་ཁྱད་ཆོས་ལྡན་པའི་བཟའ་བཏུང་ཟས་སྦྱོར་གྱི་འཚོ་བའི་ཐབས་ཤེས་ཤིག་ཀྱང་ཆགས་པར་བྱས་ཡོད།དེ་བཞིན་རང་རེའི་བོད་མི་རིགས་ལའང་རང་གི་འཚོ་སྡོད་བྱེད་སའི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གི་ཡུལ་སྲོལ་གོམས་གཤིས་དང་མཐུན་པའི་ཟས་སྐོལ་བྱེད་སྟངས་དང་ཟས་སྐོམ་ལ་ཕན་གནོན་དབྱེ་འབྱེད་ཀྱི་འཚོ་བའི་འདུ་ཤེས་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད།

ང་ཚོ་བོད་མི་རིགས་ལའང་མི་རིགས་གཞན་དག་དང་འདྲ་བར་བཟའ་བ་དང་བཏུང་བའི་རིགས་སྣ་ཚོགས་ཡོད་ལ།དེ་དག་གི་ནང་གསེས་སུ་གྱུར་བའི་བཏུང་བྱའི་ཇ་ནི་བོད་མི་རིགས་ཀྱི་རྒྱུན་སྤྱོད་འཚོ་བའི་ཁྲོད་དབུལ་ཕྱུག་མཆོག་དམན་ཐམས་ཅད་ལ་མེད་དུ་མི་རུང་བའི་བཏུང་བྱའི་རིགས་ཤིག་ཡིན།དེ་ལ་ཟས་སྐོམ་འཚོ་བཅུད་ཀྱི་ཕན་ཡོན་མི་ཉུང་བ་ཞིག་ཡོད་པར་མ་ཟད་རིག་གནས་ལོ་རྒྱུས་ཀྱི་རིན་ཐང་ཡང་མི་དམན་པ་ཞིག་ཡོད་ཀྱང་འདིར་གཙོ་བོ་བོད་ཇའི་བྱུང་ཚུལ་དང་རིགས་དབྱེ།ཕན་ནུས་བཅས་རོབ་ཙམ་གླེང་བར་བྱའོ།།

དང་པོ།བོད་ཇའི་བྱུང་ཚུལ་བཤད་པ། བོད་ཇ་བྱུང་ཚུལ་སྐོར་ལ་བཤད་ཚུལ་མི་འདྲ་བ་རེ་གཉིས་ཡོད་ཀྱང༌།དེ་དག་ལས་ལོ་རྒྱུས་ཡིག་ཚང་ཚད་ལྡན་དུ་བཀོད་པ་ནི《རྒྱ་བོད་ཡིག་ཚང་ཆེན་མོ》དང་《ཐང་ཡིག་གསར་མ》སོགས་སུ་བོད་དུ་ཇ་བྱུང་ཚུལ་གྱི་ལོ་རྒྱུས་ཚན་པ་འགའ་རེ་མཐོང་རྒྱུ་ཡོད་པ་དེ་ཡིན།ཕྱིས་ཀྱི་ཆོས་འབྱུང་དེབ་ཐེར་ཁག་ཏུ་བྲིས་པའི་བོད་ཇ་དར་ཚུལ་གྱི་བཤད་རྒྱུན་དག་ནི་ཕལ་ཆེར《རྒྱ་བོད་ཡིག་ཚང་ཆེན་མོ》དང་《རྒྱའི་ཐང་ཡིག》བཅས་ཀྱི་རྗེས་སུ་འབྲངས་པ་ཙམ་ལས་རང་རྐྱ་ཐུབ་པའི་ལྟ་ཚུལ་ཞིག་བྱུང་མེད་པར་སྙམ།ང་ཚོས་བོད་ཇ་བྱུང་ཚུལ་གྱི་ལོ་རྒྱུས་ལ་དཔྱད་ཞིབ་བྱེད་ཚེ། ཕྱོགས་གཅིག་ནས་བོད་ཀྱི་དམངས་ཁྲོད་ཀྱི་ཇ་དང་འབྲེལ་བའི་གཏམ་དཔེ་དང༌།མིག་སྔར་མཐོང་ཐོས་ཡུལ་དུ་གྱུར་བའི་བཤད་པ་སྣ་ཚོགས་ལས་ཇ་བཤད་ཀྱི་རིགས་ལ་དོ་སྣང་བྱེད་དགོས།

ཕྱོགས་གཞན་ཞིག་ནས་རྒྱ་བོད་མཁས་པ་ཀུན་གྱིས་ཚད་མར་བཀུར་བའི་ལོ་རྒྱུས་ཡིག་ཆ་ལས་མངོན་པའི་བོད་ཇའི་སྐོར་གྱི་ཚན་པར་དབྱེ་ཞིབ་བྱེད་དགོས།བོད་ཡུལ་དུ་ཇ་བཏུང་བྱར་བྱེད་པའང་ཧ་ལམ་ལོ་ངོ་ཆིག་སྟོང་ལྔ་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ཡོད་ལ།བོད་དམངས་ཁྲོད་ཀྱི་ངག་རྒྱུན་ལྟར་ན།དུས་རབས་གསུམ་པ་དང་བཞི་བའི་བར་དཀྱིལ་དུ་བོད་མི་རྣམས་ཀྱིས་བཏུང་བྱར་སྤྱོད་པ་དེ་ནི་ཇ་མ་ཡིན་པར་སྡོང་བོའི་རིགས་ཤིག་གི་ཤུན་པ་བཅོས་པ་ལས་ཐོན་པའི་ཁུ་བ་ཞིག་ཡིན།ཁུ་བ་འདིའི་རིགས་ལ་ཇ་ནང་བཞིན་བྲོ་བཅུད་མི་ལྡན་ནའང་ཆུ་འཁོལ་ལས་ཞིམ་སྣང་ལྡན་པ་ཞིག་ཡིན།

བཤད་ཚུལ་འདི་ལས་ཀྱང་བོད་པ་རྣམས་ནི་གནའ་སྔ་མོ་ནས་ཇ་དང་འདྲ་བའི་བཏུང་བ་འདིའི་རིགས་ལ་དགའ་ཞེན་ཆེ་བ་ཤེས་ཐུབ། དོན་འདི་ལ་ཞིབ་ཏུ་བསམ་ན་སྐབས་དེ་དུས་ནས་བཟུང་བོད་ལ་བཏུང་བྱ་འདིའི་རིགས་ཡོད་པ་ཡིན་ན།དེ་ལ་ཇ་ཞེས་པའི་མིང་གི་ཐ་སྙད་མ་བཏགས་པ་ཙམ་ལས་ཇ་བཟོ་སྤྱད་ཀྱི་རྒྱུ་ཆ་ཡོད་པར་སྙམ།ཡིན་ནའང་ཕྱིས་ཀྱི་ལོ་རྒྱུས་ཀྱི་ཡིག་ཚང་ཁག་ལས་མངོན་པའི་བཤད་ཚུལ་དག་ལ་གཞིགས་ན་བོད་དུ་ཇ་བཟོ་སྤྱད་ཀྱི་སྐྱེ་དངོས་རིགས་ཀྱི་རྒྱུ་ཆ་འཛོམས་ནའང་རྒྱ་མི་རིགས་ནང་བཞིན་ཇ་ཐོན་སྐྱེད་དང་ལས་བཟོ་བྱས་པར་རྒྱའི་ཇ་བོད་དུ་དང་ཁྱབ་ཧ་ཅང་ཆེན་པོ་བྱུང་བ་ཤེས་ཐུབ།

བོད་དུ་ཇའི་དགོས་མཁོ་དེ་ཇ་ལས་ཐོན་སྐྱེད་བྱེད་པའི་རང་རྒྱལ་གྱི་ནང་ལོགས་ཀྱི་ས་ཆ་ལས་ཀྱང་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད།དེང་གི་བོད་མི་བྱིངས་ཀྱིས་ཇའི་སྒྲ་འདོན་པ་དེ་སྔར་གྱི་རྒྱ་མི་རིགས་ཀྱི་གནའ་བོའི་“茶”ཡི་བརྡ་རྙིང་“槚”ཞེས་པའི་སྒྲ་དེ་ཐད་བསྒྱུར་བྱས་པ་ཡིན་སྙམ་སྟེ།ཨམ་སྐད་ཀྱི་ཇའི་སྒྲ་གདངས་དེ་ས་ཁུལ་གཞན་དག་ལས་ཀྱང་མངོན་གསལ་གྱིས་གོང་གི་རྒྱ་ཡིག་སྒྲ་གདངས་དེ་དང་ཆ་འདྲ་བའོ།།བོད་དུ་སྐབས་དེ་དུས་ཇ་བཟོ་སྤྱད་ཀྱི་སྐྱེ་དངོས་རིགས་ཡོད་ནའང་ཐོན་སྐྱེད་དང་ལས་བཟོ་བྱས་མེད་པར་མངོན་ཏེ།ནང་ལོགས་ནས་བོད་ལ་ཇ་དར་བ་དེ་ལོ་རྒྱུས་ཡིག་ཚང་དང་བོད་ཀྱི་གཏམ་དཔེ།ཇ་བཤད་སོགས་ལས་ཀྱང་མངོན་གསལ་གྱིས་མཚོན་པར་བྱས་ཡོད།

དེས་ན་བོད་དུ་ཇ་ཆེས་ཆེར་དར་བའི་དུས་ཀྱང་བཙན་པོའི་རྒྱལ་རབས་ཀྱི་སྐབས་ཏེ།ཐང་བོད་བར་རིག་གནས་དང་དཔལ་འབྱོར་སོགས་ཀྱི་འབྲེལ་འདྲིས་ཡོད་པ་ནས་བཟུང༌།ཇ་དེ་རྒྱ་མི་རིགས་ཀྱི་སྐབས་དེའི་ཐོན་སྐྱེད་ལས་རིགས་ནང་གི་གལ་ཆེན་ཞིག་ཏུ་གྱུར་ཏེ་ནུས་པ་མི་དམན་པ་ཐོན་ཡོད།རྒྱའི་ཡུལ་ནས་བོད་ལ་ཐོག་མར་ཇ་དར་བའི་དུས་ཏེ་དེང་གི་དུས་ནང་བཞིན་སྐྱེ་བོ་སུས་ཀྱང་ལོངས་སྤྱོད་ཐུབ་པ་ཞིག་མིན་ཏེ། ཆེས་རྩ་ཆེ་ཞིང་དཀོན་པའི་ཐོན་དངོས་ཤོག་ཡིན་ཕྱིན་བོད་ཀྱི་མཐོ་རིམ་མི་སྣ་དག་གིས་མ་གཏོགས་མང་ཚོགས་ཀྱི་ནང་དུ་དར་ཁྱབ་དེ་ཙམ་ཕྱིན་མེད།དེའི་རྒྱུ་མཚན་ང་ཚོས་དེང་སྐབས་མཐོང་ཐོས་སུ་གྱུར་བའི《ཏུན་ཧོང་ཡིག་རྙིང》དང་ས་འོག་ནས་རྙེད་ཐོན་བྱུང་བའི་སྐབས་དེའི་བོད་ཀྱི་འཚོ་བ་མཚོན་པའི་ཡིག་ཆ་གང་ལས་ཀྱང་གྲོ་དང་ནས།འབྲས།ཆང༌། རྟ་ནོར་སོགས་ཀྱི་ཐ་སྙད་མང་དུ་འབྱུང་བ་ལས་ཇ་དང་འབྲེལ་བའི་བཤད་རྒྱུན་མཐོང་རྒྱུ་ཧ་ཅང་དཀོན་པོ་ཡིན། 《རྒྱ་བོད་ཡིག་ཚང་ཆེན་མོ།》ལས།རྒྱལ་པོ(འདུས་སྲོང་མང་པོ་རྗེ)འདིའི་དུས་སུ།བོད་ན།སྔར་མེད་པའི་ཇ་དང༌། དཀར་ཡོལ་བྱུང་བའི་ལོ་རྒྱུས་ཡོད་པ།ཤིང་དེ་ཡི་སྣེ་མོ་གཅིག་ཞལ་དུ་བཅུག་ནས།བྲོ་བ་མྱངས།ཞལ་སྐྱེམ་པ་སོས།བཏུང་པའི་མཆོག་ཏུ་མངོན་ནས། བོད་ཡུལ་གྱི་ས་ཆ་སྟོད་སྨད་ཐམས་ཅད་དུ་རྩལ་བཙལ་ཡང་མ་རྙེད་ཅེས་པའི་ཚིག་དེ་དག་ལས་ཀྱང་ཇ་དེ་བོད་རང་ཡུལ་དུ་དར་བ་ཞིག་མ་ཡིན་པར་རྒྱའི་ཡུལ་དུ་རྙེད་པ་དེ་ལྷ་སྒྲུང་གི་རྣམ་པ་ལྟ་བུ་ཞིག་ལ་བརྟེན་ནས་ཇ་དེ་ཧ་ཅང་དཀོན་པོ་ཡིན་པ་མཚོན་ཡོད།

བཤད་ཚུལ་འདི་ལས་ཀྱང་ཇ་དེ་སྐབས་དེ་དུས་རྒྱ་ཡུལ་ནས་བོད་ལ་དར་འགོ་ཚུགས་སྐབས་ཡིན་ལ་དེ་ལེགས་སྐྱེས་རྩ་ཆེན་པོ་ཞིག་ཡིན་པས་མཐོ་རིམ་མི་སྣ་རྒྱལ་བློན་དག་གིས་མ་གཏོགས་བཏུང་བྱར་མི་ནུས་པ་ཞིག་ཡིན་པ་ཤེས་ཐུབ།ཕྱིས་སུ་རིམ་གྱིས་རྒྱ་བོད་མི་རིགས་བར་གྱི་མཐུན་འབྲེལ་དང་ཚོང་ལས་འབྲེལ་བ་ཇེ་ཟབ་ཏུ་སོང་བ་དང་བསྟུན་ནས་བོད་ཀྱི་ས་ཆ་ག་ས་གར་དར་ཁྱབ་ཆེན་པོ་བྱུང་བ་དང་དེང་སྐབས་བོད་མི་རྣམས་ཀྱིས་ལོ་གསར་དུས་ཆེན་དང༌།འདས་མཆོད་ཁམས་འདྲི་སོགས་ཀྱི་སྐབས་སུ་ཕན་ཚུན་འཚམས་འདྲི་དང་ཁམས་གསོའི་སྐྱེས་སུ་ཇ་སྟེར་བའི་སྲོལ་ད་ལྟའང་མཐོང་རྒྱུ་ཡོད།

གཞན་ཡང་ཇ་དེ་རྒྱའི་ཡུལ་ནས་བོད་དུ་དར་བ་དེ་དེང་གི་དུས་སྟོན་སྤྲོ་ཚོགས་བཅས་ཀྱི་སྐབས་སུ་བཤད་པའི་ཇ་བཤད་ཀྱི་ནང་དོན་ལས་ཀྱང་གསལ་བོར་ཤེས་ཏེ།འདིར་དཔེར་མཚོན་ཙམ་དུ་ཆབ་མདོ་དཔལ་འབར་རྫོང་ཡལ་དུ་དར་ཁྱབ་ཆེ་བའི་ཇ་བཤད་ལས།འདིའི་ལས་ལ་བླུགས་པའི་སྲུབ་ཇ་འདི།།ཇ་འདི་ཡི་འབྱུང་ཁུངས་བཤད་པས་ན།ཤར་རྒྱ་ནག་བཀྲ་ཤིས་ར་བ་ནས།རྒྱ་ནག་ཇ་གཡང་ལེན་ཉིན་མོ།ཇ་རབས་ཇ་ཡི་བླ་མ་དེ།རྒྱ་ཇ་མེ་ཏོག་གཡང་འཛིན་གཅིག ཏིལ་འབྲུ(ཇ་མིང་)ཇ་ཡི་དཔོན་པོ་གཉིས།ཅན་ཤེས(ཇ་མིང)ཇ་ཡི་དཔོན་པོ་གསུམ།འབྲུ་ཐང་(ཇ་མིང)ཇ་ཡི་མ་ཆེན་བཞི།ཀོ་ཚེ(ཇ་མིང་)ཇ་ཡི་གཡོག་པོ་ལྔ།།ཞེས་པ་ལྟ་བུ་སོགས་མང་ངོ༌།

ཡང་《རྒྱ་བོད་ཡིག་ཚང་ཆེན་མོ》ལས།ཇ་ཉོ་བ་དང་ཇ་ཚོང་དང༌།ཇ་འཐུང་སྐྱེ་བོ་མང་གྱུར་ཀྱང༌།ཇ་སྤྱད་ཧ་ཤང་དེ་བ་མཁས།།དེ་ལ་གྷ་མི་རྒྱལ་པོས་ཞུས།གྷ་ལ་མི་ཏྲ་མགོན་པོས་ཞུས།དེ་ནས་རིམ་བཞིན་བརྒྱུད་དེ་ཞུས།ཡོ་མར་རྒྱ་ཇ་བརྟགས་པའི་བསྟན་བཅོས།བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ་རྫོགས་སོ།།ཞེས་པའི་ཇ་བཤད་འདིའི་ནང་གི་ཧ་ཤང་དེ་བ་དང༌།ཡོ་མར་རྒྱ་ཇ་བརྟགས་པའི་བསྟན་བཅོས་སོགས་ཀྱི་ཚིག་དོན་དེ་དག་རེ་རེ་ལ་ཞིབ་ཏུ་བསམས་ན་འདིའི་ཁུངས་ཀྱང་རྒྱའི་ཐང་རྒྱལ་རབས་སྐབས་ཀྱི་《茶经》ཞེས་པའི་ཇ་བཤད་ཀྱི་ཁུངས་དེར་གཏུགས་པ་མིན་ནམ་སྙམ། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།

བོད་ཀྱི་ལོ་རྒྱུས་ཡིག་ཆ།