24
Sat, Oct

༢༠༢༠ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ནི་འཛམ་གླིང་བཟའ་ཆས་ལས་འཆར་གྱི་ཚོགས་པར་ཕུལ་སོང་།

ཆེད་བསྒྲིགས།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༠་ཚེས་༩ཉིན། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་འདི་ལོའི་ཞི་བདེ་གཟེངས་རྟགས་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་བཟའ་ཆས་ལས་འཆར(World Food Programme)ཞེས་པའི་ཚོགས་པར་ཕུལ་སོང་། ཚོགས་པ་འདི་ཡིས་འཛམ་གླིང་གང་སའི་མི་ས་ཡ་མང་པོའི་ལྟོགས་སྐོམ་གྱི་སྡུག་བསྔལ་སེལ་ཆེད་དུ་བཟའ་ཆས་ཀྱི་རོགས་སྐྱོར་གནང་འདུག

དེ་ཡང་། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་༢༠༢༠་ལོའི་ཞི་བདེའི་གཟེངས་རྟགས་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་བཟའ་ཆས་ལས་འཆར(World Food Programme)ཞེས་པའི་ཚོགས་པར་ཕུལ་ཡོད་པ་དང་། རྒྱུ་མཚན་ནི། ཚོགས་པ་འདི་ཡིས་བཀྲེས་སྐོམ་ལ་གདོང་ལེན་བྱེད་པ་དང་། འཐབ་འཛིང་བྱུང་བའི་ས་ཁུལ་གྱི་མི་རྣམས་ལ་ཞི་བདེ་བསྐྲུན་ཐབས་བྱེད་པ། དེ་བཞིན་བཀྲེས་སྐོམ་ནི་དམག་འཁྲུག་དང་རྙོག་འཛིང་གི་ལག་ཆ་འགྱུར་བར་སྐྱོབ་ཐབས་བྱེད་པ་བཅས་ཡིན་འདུག

འཛམ་གླིང་བཟའ་ཆས་ལས་འཆར(World Food Programme)ནི་འཛམ་གླིང་ནང་གི་འགྲོ་བ་མིའི་བདེ་རྩ་ཚོགས་པ་ཆེ་ཤོས་ཤིག་ཡིན་འདུག ༢༠༡༩་ལོའི་ནང་དུ། ཚོགས་པ་དེས་རྒྱལ་ཁབ་༨༨་ནང་གི་བཀྲེས་སྐོམ་གྱི་སྡུག་བསྔལ་མནར་བའི་མི་ས་ཡ་༡༠༠་ཉེ་བར་བཟའ་ཆས་སོགས་ཀྱི་རོགས་སྐྱོར་བྱས་འདུག ༢༠༡༩་ལོའི་ནང་དུ་མི་ས་ཡ་༡༣༥་བཀྲེས་སྐོམ་གྱི་སྡུག་བསྔལ་མནར་བཞིན་ཡོད་པ་དང་། དེ་དག་མང་ཆེ་བ་ནི་དམག་འཁྲུག་དང་རྩོད་རྙོག་གིས་བཟོས་པ་ཡིན་པར་འགྲེལ་བརྗོད་བྱས་འདུག གཞན་ཡང་། ༢༠༡༥་ལོར་ཚོགས་པ་འདིས་བཀྲེས་སྐོམ་རྩ་མེད་གཏོང་བ་ཞེས་པའི་ལས་འཆར་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུན་གནས་ཡར་རྒྱས་དམིགས་ཡུལ་ནང་དུ་བཞག་ཐུབ་འདུག

ཏོག་དབྱིབས་གཉན་སྲིན་༡༩་པས་འཛམ་གླིང་ནང་དུ་བཀྲེས་སྐོམ་གྱི་སྡུག་བསྔལ་མནར་མཁན་མང་རུ་བཏང་ཡོད་ཅིང་། རྒྱལ་ཁབ་ཡ་མན་ལྟ་བུ་དང་། ཀོན་གོ ནི་ཇེར་རི་ཡ། ལྷོ་སུ་ཌན། དེ་བཞིན་བྷུར་ཁིན་ཧྥ་སོ་བཅས་ཀྱི་ནང་དུ་དམག་འཁྲུག་དང་དྲག་པོའི་འཐབ་འཛིང་བྱུང་དང་འབྱུང་བཞིན་ཡོད་པའི་ཐོག ཏོག་ནད་ཀྱིས་བཀྲེས་སྐོམ་ལས་མནར་བའི་མི་དང་ལྟོགས་ཤི་ཐེབས་མཁན་མང་རུ་བཏང་ཡོད་འདུག དེར་བརྟེན། འཛམ་གླིང་བཟའ་ཆས་ལས་འཆར་ཚོགས་པས་མི་དེ་ཚོའི་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ་ཐབས་ལ་ཤུགས་སྣོན་བརྒྱབ་ཡོད་པ་དང་། ཁོང་ཚོས་ཏོག་ནད་ལ་སྨན་ཁབ་མ་རེག་བར་དུ་བཟའ་ཆས་ནི་སྨན་ཡག་ཤོས་ཡིན། ཞེས་བརྗོད་ཡོད་འདུག

དམག་འཁྲུག་དང་བཀྲེས་སྐོམ་བར་འབྲེལ་བ་ཆེན་པོ་ཡོད། དམག་འཁྲུག་དང་འཐབ་འཛིང་གིས་བཟའ་ཆས་བརྟན་ཆ་མེད་པ་བཟོ་བ་དང་བཀྲེས་སྐོམ་བཟོ་ཡི་ཡོད། བཟའ་ཆས་ལ་བདེ་འཇགས་མེད་པ་རྐྱེན་གྱིས་མངོན་གསལ་མེད་པའི་རྙོག་དྲ་ཡོང་གི་ཡོད་པ་མ་ཟད། དྲག་སྤྱོད་ཀྱང་རྐྱེན་སློང་གི་ཡོད། ང་ཚོས་དམག་འཁྲུག་དང་དྲག་པོ་མཇུག་མི་སྒྲིལ་བར་དུ་ནམ་ཡང་བཀྲེས་སྐོམ་རྩ་མེད་གཏོང་མི་ཐུབ། ཅེས་བརྗོད་འདུག

ནོར་ཝེ་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་ཞི་བདེའི་གཟེངས་རྟགས་འདི་འཛམ་གླིང་བཟའ་ཆས་ལས་འཆར་ཚོགས་པར་ཕུལ་ནས་བཀྲེས་སྐོམ་གྱི་སྡུག་བསྔལ་མནར་བའི་མི་རྣམས་ཀྱི་དཀའ་ངལ་སེལ་རྒྱུའི་རེ་བ་མ་ཟད། འདིས་ཞི་བདེ་དང་བདེ་འཇགས་བསྐྲུན་པར་རོགས་རམ་བྱེད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

འདི་ལོའི་གཟེངས་རྟགས་འདིས། བཀྲེས་སྐོམ་གྱི་སྡུག་བསྔལ་མནར་བཞིན་པའི་མི་ས་ཡ་མང་པོར་འཛམ་གླིང་མི་མང་གིས་དོ་སྣང་སླེབས་ཆེད་དུ་ཡིན་ཞིང་། འཛམ་གླིང་བཟའ་ཆས་ལས་འཆར་ཚོགས་པས་དཀའ་ངལ་ཡོད་པའི་མི་མང་ས་ཡ་མང་པོར་བཟའ་ཆས་སྤྲད་པ་དང་། ཞི་བདེ་བསྐྲུན་པ། མི་དང་མིའི་བར་སྤུན་ཟླའི་མཛའ་བརྩེ་བསྐྲུན་པ་བཅས་ནི་ཨ་ལི་ཧྥ་རེ-ནོ་སྦེལ་གྱི་དམིགས་ཡུལ་ཆགས་ཡོད། ཅེས་འགྲེལ་བརྗོད་བྱས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།