18
Thu, Apr

༢༠༡༩ལོའི་རྒྱ་ནག་གླུ་དབྱངས་སྙན་མོའི་གླུ་གཞས་འགྲན་སྡུར་ཁྲོད་ཞུགས་མཁན་བོད་པའི་བུ་མོ་དེ་གསུམ་ནི་ཚེ་བརྟན་མང་མཚོ་དང་། སྒྲོལ་མ་དབྱངས་མཚོ། བསྟན་འཛིན་སྒྲོལ་དཀར་བཅས་ཡིན་འདུག

རིག་གཞུང་དང་སྒྱུ་རྩལ།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༨་ཚེས་༣༠་ཉིན་སྤེལ། ད་ལོའི་རྒྱ་ནག་གི་གླུ་སྐད་སྙན་མོ་ཞེས་པའི་གླུ་གཞས་འགྲན་སྡུར་ནང་། བོད་མདོ་དབུས་ཁམས་གསུམ་ནས་ཡོང་བའི་བོད་པའི་བུ་མོ་གསུམ་འཛུལ་ཞུགས་བྱས་ཏེ་འདེམས་ཐོན་བྱུང་ཡོད་པ་དང་། གླུ་གཞས་འགྲན་སྡུར་དེ་མུ་མཐད་ནས་འགྲོ་བཞིན་ཡོད་ཅིང་། ཚང་མས་དོ་སྣང་བྱེད་ས་ཞིག་ཏུ་གྱུར་ཡོད་འདུག

དེ་ཡང་། རྒྱ་ནག་གི་གླུ་སྐད་སྙན་མོ་ཞེས་པའི་གླུ་གཞས་འགྲན་བསྡུར་འདི་ནི། ད་ལོའི་ཟླ་ ༧ ཚེས་ ༡༩ ནས་མགོ་འཛུགས་བྱས་ཡོད་ཅིང་། འགྲན་བསྡུར་དེའི་ཁྲོད་དུ་བོད་མདོ་དབུས་ཁམས་ནས་ཡོང་བའི་བོད་པའི་བུ་མོ་གསུམ་འཛུལ་ཞུགས་བྱས་ཡོད་ཅིང་། བུ་མོ་དེ་གསུམ་ནི་ཚེ་བརྟན་མང་མཚོ་དང་། སྒྲོལ་མ་དབྱངས་མཚོ། བསྟན་འཛིན་སྒྲོལ་དཀར་བཅས་ཡིན་འདུག

ཚེ་བརྟན་མང་མཚོ་ནི། བོད་མདོ་སྨད་རྔ་བ་བཙན་ལྷ་རྫོང་ནས་ཡིན་ཞིང་། ད་ལྟ་རང་ལོ་༡༩་ཡིན་འདུག ཁོ་མོ་ལོ་ན་ཆུང་དུས་ནས་གཞས་གཏོང་བར་དགའ་ཞིང་། ད་ལྟར་སི་ཁྲིན་གླུ་དབྱངས་སློབ་གཉེར་ཁང་ཞེས་པའི་ནང་སློབ་སྦྱོང་བྱེད་བཞིན་ཡོད་འདུག

སྒྲོལ་མ་དབྱངས་མཚོ་ནི། བོད་མདོ་སྟོད་དར་རྩེ་མདོ་ནས་ཡིན་ཞིང་། རང་ལོ་༡༩་ཡིན་འདུག ད་ལྟར་ཧྲང་ཧེ་སྒྱུལ་རྩལ་དར་སྲོལ་འཁྲབ་ཁང་ཞེས་པར་གླུ་གཞས་སྦྱོང་བཞིན་ཡོད་འདུག

བསྟན་འཛིན་སྒྲོལ་དཀར་ནི། བོད་ལྷ་ས་ནས་འཚར་ལོངས་བྱུང་ཞིང་། པེ་ཅིང་དུ་ཕྱི་སྐད་ཡིག་མཐོ་སློབ་ནས་སློབ་མཐར་ཕྱིན་འདུག ད་ལྟར་ཁོ་མོས་རོགས་པ་ཁ་ཤས་དང་མཉམ་དུ་གླུ་གཞས་གཏོང་བཞིན་ཡོད་འདུག

ཁོ་མོ་ཚོས་གར་སྟེགས་སྟེང་ངོ་སྤྲོད་བྱེད་སྐབས། ང་བོད་པ་ཡིན། ཡང་ན། བོད་ནས་ཡོང་ཡིན་ཞེས་བརྗོད་སྐབས། དཔྱད་འཇོག་དགེ་རྒན་དང་མང་ཚོགས་ཚོས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། ཁོ་མོ་ཚོའི་སྐད་ངག་དང་གླུ་གཞས་ཀྱི་སྒྱུ་རྩལ་གྱིས་ཀྱང་དཔྱད་འཇོག་དགེ་རྒན་དང་ལྟད་མོ་བ་ཚོས་ཡིད་སེམས་བཀུག་ཡོད་འདུག དེར་བརྟེན། དཔྱད་འཇོག་དགེ་རྒན་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཁོ་མོ་ཚོ་རང་གི་སྡེ་ཁག་ནང་ཡོང་ཐབས་བྱས་འདུག དེའི་སྔོན་ལོ་བསྟུན་མར་སྐད་གྲགས་ཆེ་བའི་རྒྱ་ནག་གི་གར་སྟེགས་སྟེང་དུ། བོད་པའི་གཞས་པ་བཀྲ་ཤིས་ཕུན་ཚོགས་ལགས་དང་བསྟན་འཛིན་ཉི་མ་ལགས་བཅས་ནས་ཨང་དང་པོ་བླངས་སྟེ། རྒྱ་མི་རིགས་ལ་བོད་ནི་གླུ་གར་གྱི་རྒྱ་མཚོ་ཡིན་པའི་བག་ཆགས་ཟབ་མོ་བཞག་ཡོད་འདུག

དེ་ཡང་། ༢༠༡༨ལོའི་ཟླ་༡༠ཚེས་༧ཉིན། རྒྱ་ནག་རྒྱལ་ཡོངས་ཀྱི་ཀྲུང་གོའི་གླུ་སྐད་སྙན་མོ་ཞེས་པའི་གླུ་གཞས་འགྲན་སྡུར་ཁྲོད། བོད་ཀྱི་གླུ་བ་བསྟན་འཛིན་ཉི་མ་ལགས་ཀྱིས་མཐའ་མའི་རྒྱལ་ཁ་བླངས་འདུག མཐའ་མའི་གླུ་དབྱངས་འགྲན་སྡུར་དེ་ནི། རྒྱ་ནག་པེ་ཅིན་གྱི་བྱེའུ་ཚང་ལུས་རྩལ་ར་བའི་ནང་དུ་ཚོགས་ཡོད་པ་དང་། བོད་པ་གཞོན་སྐྱེས་གཞས་པ་བསྟན་འཛིན་ཉི་མ་ལགས་ཀྱིས་ཨང་དང་པོ་དང་། འབྲུག་བྱམས་ཚེ་རིང་ལགས་ཀྱིས་ཨང་ ༥ པ་བླངས་ཡོད་འདུག

དེ་བཞིན་༢༠༡༧ལོའི་ཟླ་༡༠ཚེས་༩ཉིན། བོད་ཀྱི་གླུ་བ་བཀྲིས་ཕུན་ཚོགས་ལགས་ཀྱིས་རྒྱ་ནག་གླུ་གཞས་གསར་པ་ཞེས་པའི་འགྲན་སྡུར་སྟེང་དུ་མཐའ་མའི་རྒྱལ་ཁ་ཨང་དང་པོ་བླངས་ཡོད་པ་དང་། རྒྱ་ནག་གི་གླུ་སྐད་གསར་པའི་རྟིང་རྩོད་འགྲན་སྡུར་དེ་རྒྱ་ནག་རྒྱལ་ས་པེ་ཅིན་གྱི་བྱེའུ་ཚང་ལུས་རྩལ་རྩེད་འགྲན་འཚོགས་རའི་ནང་དུ་ཚོགས་ཡོད་ཅིང་། བོད་རིགས་ཤིག་གིས་རྒྱ་ནག་གི་གར་སྟེགས་ཆེན་པོ་དེ་འདྲ་ཞིག་གི་སྟེང་ནས་ཨང་དང་པོ་བླངས་པ་ཐོག་མ་དེ་ཆགས་ཡོད་པ་རེད། ཁོའི་སྐད་གྲགས་ཆེ་བའི་གླུ་གཞས་ནི་སྒེའུ་ཁུང་། མཚོ་ངོགས་ཀྱི་ཆུ་ཐིགས། ཨ་མའི་ཕྱག་ཟུང་སོགས་ཡིན་འདུག

གཞན་ཡང་། ༢༠༡༦ལོར་བོད་རིགས་དཀོན་མཆོག་ཚེ་རིང་ལགས་ཀྱིས་རྒྱ་ནག་གི་སྐར་འོད་ལམ་ཆེན་ཞེས་པའི་གླུ་གཞས་གར་སྟེགས་སྟེང་དུ་ཨང་དང་པོ་བླངས་ཡོད་འདུག་པ་དང་། ཁོ་ནི་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་ནས་ཡིན་འདུག

༢༠༡༦་དང་༢༠༡༧། ༢༠༡༨ལོའི་ནང་བོད་པའི་ན་གཞོན་དག་རྒྱ་ནག་གི་གླུ་གཞས་འགྲན་སྡུར་གར་སྟེགས་ཆེན་མོའི་སྟེང་དུ་ཞུགས་ཏེ། རྒྱལ་ཁ་བླངས་པར་བོད་ཕྱི་ནང་གཉིས་ཀྱིས་རྒྱབ་སྐྱོར་དང་དགའ་བསུ་ཆེན་པོ་ཐོབ་བཞིན་པར་མ་ཟད། བོད་པའི་གཞོན་སྐྱེས་ཚོར་སེམས་ཤུགས་དང་སྐུལ་ལྕག་ཀྱང་ཐེབས་བཞིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།