19
Fri, Apr

འགྱིག་ཟ་བའི་འབུ་ཡིས་ཟས་བའི་འགྱིག་ཁུག་མའི་ཁྱད་པ། པར། བརྒྱུད་ལམ།

ཆེད་བསྒྲིགས།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༥་ཚེས་༢༡་ཉིན་སྤེལ། སའི་གོ་ལ་འདིའི་ཐོག་གནས་པའི་སེམས་ཅན་ཚང་མར་འགྱིག་གི་གནོད་སྐྱོན་གྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེའི་ཐད་ལ་ང་ཚོས་ནུས་ལྡན་གྱི་འགྱུར་བ་ཞིག་མ་བཏང་ཚེ། ང་ཚོའི་སའི་གོ་ལ་དང་དེར་གནས་པའི་སེམས་ཅན་རྣམས་ཀྱིས་མུ་མཐུད་ནས་དཀའ་ངལ་མྱོང་རྒྱུ་རེད། ང་ཚོ་སུ་ཞིག་ཡིན་རུང་འགྱིག་གི་འབགས་བཙོག་གི་གནོན་སྐྱོན་ལས་ཐར་ཐབས་མེད། ཁོ་སི་ཊ-རི་ཁ(Costa Rica)ལྟ་བུའི་རྒྱལ་ཁབ་ཁ་ཤས་ཀྱིས་འགྱིག་བེད་སྤྱོད་བྱེད་རྒྱུར་བཀག་སྡོམ་བྱས་ཡོད། འོན་ཀྱང་། འགྱིག་གི་གནོད་འཚེ་ཆེན་པོ་འདི་སེལ་བར་ད་དུང་ལོ་མང་པོ་འགོར་ངེས་རེད།

ཝ་ཤིན་ཏུན(Washington)དང་སེ་ཊལ(Seattle)ལྟ་བུའི་གྲོང་ཁྱེར་ཚོས་འགྱིག་གི་འཇིབ་འཐུང་བེད་སྤྱོད་གཏོང་རྒྱུར་བཀག་སྡོམ་བྱས་ཡོད། དེ་བཞིན་འགྱིག་བག་མེད་དུ་མི་སྤྱོད་པའི་སྐམ་ཟས་ཚོང་ཁང་མང་པོ་ཞིག་ཀྱང་འཛམ་གླིང་ཁྱོན་ཡོངས་ལ་དར་འགོ་བརྩམས། རྩོལ་བ་འདི་ཚོ་ནི་བསྔགས་འོས་པ་ཞིག་རེད། འཛམ་གླིང་གི་རྒྱལ་ཁབ་གཞན་ཚོས་ཀྱང་དེའི་ལས་སུ་ཞུགས་ནས་དེ་འདྲ་བྱེད་དགོས། དེ་ལྟར་བྱུང་ན་ང་ཚོར་ད་ལྟ་དང་མ་འོངས་པར་ཡུན་གནས་ཐུབ་པའི་སའི་གོ་ལ་ཞིག་ཡོང་ཐུབ།

ལྗང་མདོག་ཞི་བདེ་ཞེས་པའི་ཚོགས་པས་འགྱིག་གི་འབགས་བཙོག་འདི་ཇི་ལྟར་ཁྱབ་གདལ་དུ་འགྲོ་བའི་གྲངས་ཐོ་བཏོན་པ་ལྟར་ན། ཕྱི་ལོ་༡༩༥༠་ནས་བཟུང་མིས་འཛམ་གླིང་དུ་འགྱིག་ཐེར་འབུམ་བརྒྱད་ཚེག་གསུམ་བཟོས་ཡོད། དེ་ནི་གླང་ཆེན་ཐེམ་འབུམ་གཅིག་གི་ལྗིད་ཚད་དང་འདྲ་མཉམ་རེད། འགྱིག་ཚང་མའི་ནང་ནས་བརྒྱ་ཆའི་དགུ་མ་གཏོགས་བསྐྱར་བཟོ་བྱེད་མི་ཐུབ་ལ། བརྒྱ་ཆའི་༡༢་མེར་བསྲེགས་ཡོད། དེའི་ལྷག་མ་རྣམས་ས་དང་ས་ཞིང་དུ་འགེང་ཡོད་པ་དང་། ཡང་ན་ཁོར་ཡུག་ཏུ་གཏོར་ཡོད། ལོ་རེར་འགྱིག་ཏུན་ས་ཡ་༡༢.༧་རྒྱ་མཚོའི་ནང་དུ་འཛུལ་གྱི་ཡོད་ལ། སྐར་མ་རེའི་ནང་དུ་དོས་སྐྱེལ་རླངས་འཁོར་གང་གི་འགྱིག་གི་འབོར་ཚད་རྒྱ་མཚོའི་ནང་དུ་གཡུག་གི་ཡོད། དེར་བརྟེན། རྒྱ་མཚོ་ནང་དུ་འགྱིག་ཤོག་ཁྲག་ཁྲིག་ཆེན་པོ་ལྔ་ཡོད། དེས་སའི་གོ་ལར་ཐེངས་༤༠༠་གཅུས་རྒྱག་ཐུབ་ཀྱི་ཡོད།

ཨ་རི་དང་དབྱིན་ཡུལ། ཁ་ན་ཌ་བཅས་ཀྱིས་འགྱིག་གི་འབགས་བཙོག་རྣམས་ཨ་ཤེ་ཡ་དང་ཨ་ཧྥི་རི་ཁ་ལ་གཏོང་གི་ཡོད། འགྱིག་གི་འབགས་བཙོག་དེ་ཚོ་རྒྱལ་ཁབ་སྐྱོ་བོ་ཚོར་སྤྲོད་ཀྱི་ཡོད། ཁྱོད་ཀྱིས་མཐོང་བ་ལྟར། བཟོ་ལས་དང་འགྱིག་བསྐྱར་བཟོ་ཐད་ནས་བཤད་ན། ང་ཚོ་ནི་འཇིགས་སུ་རུང་བའི་དུས་ལ་སླེབས་ཡོད། སྟབས་མི་ལེགས་པ་ཞིག་ལ། འགྱིག་མང་ཆེ་ཤོས་ནི་བསྐྱར་བཟོ་བྱེད་ཐུབ་ཀྱི་མེད། དེར་བརྟེན། ང་ཚོར་ཐབས་ལམ་ཉག་གཅིག་ཡོད་པ་ནི་དངོས་རྫས་ལ་འགྱུར་བ་གཏོང་རྒྱུ་དང་། ཡང་ན་ང་ཚོས་འགྱིག་གི་བཟོས་པའི་རིགས་ཉུང་དུ་སྤྱོད་པ་དང་ཉུང་དུ་ཉོ་རྒྱུ་དེ་རེད།

འགྱིག་ཟ་བའི་ས་འབུ་ཞིག

ཚན་རིག་པས་འགྱིག་གི་དཀའ་ངལ་སེལ་བར་ལག་བསྟར་རུང་བའི་ཐབས་ལམ་ཞིག་རྙེད་འདུག དེ་ནི་འགྱིག་ཟ་བའི་ས་འབུ་ཞིག་རྙེད་ཡོད་པ་དེ་རེད། འབུ་དེ་ཚོས་འགྱིག་དངོས་སུ་ཟ་བཞིན་ཡོད་ཅིང་། དེ་ནི་སྔོ་འབུའི་རིགས་ཡང་ན་དབྱར་རྩྭ་དགུན་འབུ་ཡི་རིགས་ཤིག་རེད། འབུ་དེའི་མིང་ལ་སྤྲ་ཚིལ་གྱི་འབུ(Waxworm)ཞེས་བཏགས་འདུག ས་འབུ་ཆུང་ཆུང་འདི་ཚོས་ང་ཚོའི་སའི་གོ་ལ་སྐྱོབ་ཐུབ་པའི་རེ་བ་ཡོད་སྲིད། བརྟག་དཔྱད་འདི་ནི་གློ་བུར་དུ་རྙེད་པ་ཞིག་ཡིན་ཞིང་། ཧ་ཅང་གལ་ཆེན་གྱི་ཤེས་རྟོགས་ཤིག་ཀྱང་རེད།

སློབ་དཔོན་ཆེན་མོ་དང་སྦྲང་མ་གསོ་མཁན་ཧྥི་ཌེ་རི་ཁ-བྷེར་ཊོ་ཆི་ཡིས་ས་འབུ་འདི་ཚོ་འགྱིག་གི་ཁུག་མ་ནང་དུ་བླུགས་རྗེས་ཁུག་མ་དེར་བུ་ག་ཆུང་ཆུང་བརྟོལ་ཡོད་པར་ཤེས་རྟོགས་བྱུང་། བྷེར་ཊོ་ཆི་ཡིས་ཚན་རིག་པ་པོ་ལོ་བྷོམ་བྷེ་ལི་དང་ཁི་རི་ཊོ་ཧྥེར་མཉམ་དུ་སྤྲ་ཚིལ་གྱི་འབུ་༡༠༠་ལ་ད་དུང་ཉམས་ཞིབ་བྱེད་རྒྱུའི་ཐག་བཅད།

ཁོ་ཚོས་སྤྲ་ཚིལ་གྱི་འབུ་དེ་ཚོ་ཉོ་ཆ་རྒྱག་སྐབས། བེད་སྤྱོད་བྱེད་པའི་འགྱིག་གི་ཁུག་མ་འདྲ་མིན་ནང་དུ་བླུགས། སྐར་མ་༤༠་རྗེས་སུ་ཁུག་མ་དེ་ཚོར་བུ་ག་བརྟོལ་འདུག ཆུ་ཚོད་༡༢་ཀྱི་རྗེས་སུ་འགྱིག་གི་ཁུག་མའི་ལྗིད་ཚད་གྷ་རམ་སྟོང་ཟུར་༩༢་ཀྱིས་ཉུང་དུ་ཕྱིན་པར་ཤེས་འདུག ཁོ་ཚོས་འབུ་དེ་ཚོ་ཡིས་འགྱིག་གི་སྒང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་གཏན་ལ་འབེབས་ཆེད། ཚན་རིག་པ་ཚོས་སླར་ཡང་འབུ་དེ་ཚོ་བཙིར་ནས་འགྱིག་གི་ཁུག་མའི་སྒང་དུ་བཞག་འདུག དེའི་རྗེས། ཁུག་མ་དེའི་སྒང་དུ་ཡང་བསྐྱར་བུ་ག་བྱུང་། འདིས་ཅི་ཞིག་ར་སྤྲོད་བྱས་ཡོད་ཅེ་ན། འབུ་དེ་ཚོ་ནང་དུ་ཡོད་པའི་རྫས་ཤིག་གིས་འགྱིག་ཟས་ཡོད་པར་ར་སྤྲོད་བྱས་ཡོད།

ཚན་རིག་པས་འགྱིག་ཟ་བའི་འབུ་དེ་ཚོར་གྲུབ་རྫས(Enzyme)འདི་ཡོད་པར་ཡིད་ཆེས་བྱེད་ཀྱི་འདུག གྲུབ་རྫས་དེས་འགྱིག་འཇུ་བར་ཕན་ཐོགས་ཀྱི་ཡོད། ཚན་རིག་པ་དེ་ཚོས་མ་འོངས་པར་གྲུབ་རྫས་དེའི་སྐོར་ཞིབ་འཇུག་མང་བར་བྱེད་རྒྱུ་དང་། གཅིག་བྱས་ན་ཚན་རིག་པ་དེ་ཚོས་འགྱིག་གི་འབགས་བཙོག་ཆེན་པོ་ཡོད་པའི་ས་ཁུལ་དུ་འབུ་དེ་ཚོ་བཏང་ནས་སའི་གོ་ལ་གཙང་མ་བཟོ་སྲིད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།