16
Tue, Apr

༢༠༡༩ལོའི་ཟླ་༨་ཚེས་༡༦་ཉིན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པ་འབྱུང་འགྱུར་བོད་ཀྱི་མདུན་ལམ་ཞེས་པའི་བརྗོད་གཞི་ཐོག་ཚོགས་འདུ་འགོ་བརྩམས་སོང་།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༨་ཚེས་༡༦་ཉིན། བཞུགས་སྒར་རྡ་སའི་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་གསར་པའི་ནང་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པ་འབྱུང་འགྱུར་བོད་ཀྱི་མདུན་ལམ་ཞེས་པའི་བརྗོད་གཞི་ཐོག་དངོས་སུ་འགོ་བརྩམས་སོང་།

དེ་ཡང་། འགོ་འཛུགས་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། སྤྱི་འཐུས་རྣམ་པ། འོས་བསྡུ་དང་རྩིས་ཞིབ་ལྷན་ཁང་གི་འགན་འཛིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ན་གཞོན་ཚོགས་ཞུགས་པ་༡༠༠་བཅས་འཛོམས་འདུག

ཐོག་མར། ཕྱི་དྲིལ་ལྷན་ཁང་གི་འགན་འཛིན་དྭགས་པོ་བསོད་ནམ་ནོར་བུ་ལགས་ཀྱི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པའི་སྐོར་ལ་ངོ་སྤྲོད་གནང་སོང་། ཐེངས་འདིའི་ལྷན་ཚོགས་ནང་རྒྱ་བལ་འབྲུག་གསུམ་ནས་ཚོགས་ཞུགས་པ་༥༠་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཚོགས་ཞུགས་པ་༥༠་བཅས་ཁྱོན་ཚོགས་ཞུགས་པ་༡༠༠་ཕེབས་ཡོད་ཅིང་། ཁོ་ཚོ་ནི་ལོ་ན་༢༠་ནས་༣༥་བར་གྱི་གཞོན་སྐྱེས་ཡིན་འདུག ལྷན་ཚོགས་འདིའི་ཐོག་གཏམ་བཤད་གནང་མཁན་༢༠་ཡོད་སྐོར་སོགས་གསུངས་སོང་།

དེ་ནས། སྲིད་སྐྱོང་མཆོག་གིས་ལྔ་དང་ལྔ་བཅུའི་ཚོགས་འདུའི་ལོ་རྒྱུས་མདོར་བསྡུ་ཞིག་གསུངས་པ་དང་སྦྲགས། ལྔ་དང་ལྔ་བཅུའི་འཆར་སྣང་། ཞེས་པ་ནི་གཙོ་བོ་བོད་མི་ཚོར་ཆེ་མཐོང་དང་རང་དབང་སླར་གསོ་ཐུབ་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་ཐུབ་པ་བྱ་རྒྱུ། མདོར་ན་འབྱུང་འགྱུར་ལས་དོན་ཇི་འདྲ་ཞིག་སྤེལ་ཡང་འཆར་སྣང་དེ་དག་གིས་ང་ཚོའི་འཐབ་རྩོད་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་གཏོང་ངེས། དེར་བརྟེན་ལྷ་རབ་བྱུང་ན་འབྱུང་འགྱུར་ལོ་ལྔའི་ནང་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་དང་། གལ་ཏེ་དེ་ལྟར་མ་བྱུང་བར་འབྱུང་འགྱུར་ལོ་ལྔ་བཅུའི་རིང་མུ་མཐུད་འཐབ་རྩོད་རྒྱུན་སྐྱོང་དགོས་པའི་དུས་ཤིག་ཤར་ཡང་། རང་ཕྱོགས་ནས་བོད་མིའི་ཆོས་རིག སྐད་ཡིག་སོགས་འཐབ་རྩོད་ཀྱི་གཞི་རྩ་སྲ་བརྟན་ཡུན་གནས་ཐུབ་ཐབས་ཆེད་གྲ་སྒྲིག་དགོས་པ་སོགས་དམིགས་ཡུལ་ངེས་ཅན་ལ་དགོངས་བཞེས་ཐོག་བཀའ་ཤག་ནས་ལས་འགུལ་འདི་སྤེལ་བ་ཞིག་ཡིན། ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་སྐོར་སོགས་གསུངས་སོང་།

དེའི་རྗེས་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ལྷན་ཚོགས་འདིའི་ཐོག་གསུང་བཤད་གནང་དོན། ༸གོང་ས་མཆོག་དབུས་པའི་བོད་མི་རྒན་རབས་ཚོས་བོད་ཀྱི་གནད་དོན་འཛམ་གླིང་ཐོག་བརླག་བཅུག་མེད་པ་རེད། ད་ལྟར་བོད་པའི་ན་གཞོན་ཚོས་འགན་ལེན་བྱེད་དགོས་པའི་སྐོར་དང་། བོད་མི་ཚོས་བོད་ཡིག་སྦྱོང་དགོས་པ་གལ་ཆེན་པོ་ཡིན་སྐོར། ཕ་མ་དང་དགེ་རྒན་ཚོས་ཕྲུག་གུ་ལ་བོད་ཡིག་སློབ་རྒྱུ་དང་སྤྱོད་པ་ཡག་པོ་སློབ་དགོས་པའི་འགན་ཡོད་སྐོར། དེ་བཞིན། གལ་སྲིད། བོད་རང་དབང་སླར་གསོ་མགྱོགས་པོར་ཡོང་བ་ཡིན་ན། ང་ཚོས་གཞིས་ལུས་བོད་མི་ཚོར་ལེགས་སྐྱེས་ཡག་ཤོས་ནི་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་སོགས་སྲུང་སྐྱོང་བྱས་ནས་སྤྲོད་ཐུབ་རྒྱུ་དེ་རེད་ཅེས་སོགས་གསུངས་སོང་།

ཉིན་གཉིས་པའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པ་དེ་བཞུགས་སྒར་དྷརྨ་ཤཱ་ལ་ལ་འཚོགས་རྒྱུ་ཡིན་འདུག