20
Sat, Apr

༢༠༡༩ལོའི་ཟླ་༨་ཚེས་༢༠་ཉིན། ཧོང་ཀོང་སྤྱི་ཁྱབ་འགན་འཛིན་གྱིས་གྲོས་མོལ་གྱི་སྡིངས་ཆ་བསྐྲུན་རྒྱུར་ཁས་ལེན་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༨་ཚེས་༢༠་ཉིན། ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་གྱིས་ཧོང་ཀོང་ནང་ངོ་རྒོལ་བྱེད་བཞིན་ཡོད་པའི་ཐོག དཀའ་ངལ་སེལ་ཐབས་ཀྱི་གྲོས་མོལ་བྱེད་སའི་སྡིངས་ཆ་ཞིག་བསྐྲུན་རྒྱུ་དང་། ངོ་རྒོལ་འབྱུང་རྐྱེན་དང་ཉེན་རྟོག་པས་ངོ་རྒོལ་བར་དྲག་གནོན་བྱས་པར་དཔྱད་ཞིབ་བྱ་རྒྱུ་ཡིན་པར་བསྒྲགས་འདུག གཞན་ཡང་། ཁྲུ་ཝི་ཁྲི(Twitter)་དང་ངོ་དེབ( Facebook)་ལས་ཁུངས་ནས་ཧོང་ཀོང་ནང་གི་ངོ་རྒོལ་ཐོག་ལ་གནས་ཚུལ་རྫུན་མ་སྤེལ་མཁན་ཁ་བྱང ༡༠༠༠་ལྷག་མེད་པ་བཟོས་འདུག

དེ་ཡང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན། ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ(Carrie Lam)་གྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཁོ་མོས་ཧོང་ཀོང་ནང་ངོ་རྒོལ་བྱུང་དང་འབྱུང་བཞིན་པའི་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ་གྲོས་མོལ་གྱི་སྡིངས་ཆ་ཞིག་སྐྲུན་བཞིན་ཡོད་ལ། དེ་བཞིན། ཞི་རྒོལ་དེའི་འབྱུང་རྐྱེན་དང་ཉེན་རྟོག་པ་ཚོས་ཞི་རྒོལ་བ་ཚོར་དྲག་གནོན་བྱས་པའི་རྒྱུ་མཚན་དང་། དེའི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་ཆེད་དཔྱད་ཞིབ་བྱ་རྒྱུ་ཡིན་པར་བརྗོད་འདུག

ཉེ་སྔོན། ཁེ་རི་ལམ་དང་གཞན་འགོ་ཁྲིད་ཁག་ཅིག་གིས་ཞི་བའི་ངང་ནས་ངོ་རྒོལ་བྱས་པ་ཡིན་ན། གྲོས་མོལ་བྱེད་རྒྱུ་ཡིན་པར་བརྗོད་ཡོད་འདུག དེར་བརྟེན། བདུན་ཕྲག་བཅུ་པའི་ངོ་རྒོལ་ཏེ་ཟླ་འདིའི་ཚེས་༡༨་ཉིན། མི་མང་ས་ཡ་གཅིག་དང་ཕྱེད་ཀ་ལྷག་གིས་ཞི་བའི་ངོ་རྒོལ་བྱས་ཡོད་ཅིང་། ཞི་བའི་ངོ་རྒོལ་དེའི་རྗེས་སུ། ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་དེ་བྱས་ཡོད་སྐོར་བརྒྱུད་ལམ་ཁག་ནས་འགྲེལ་བརྗོད་བྱེད་བཞིན་འདུག

འོན་ཀྱང་། ཞི་རྒོལ་བ་ཚོའི་དགོས་དོན་དང་མངོན་འདོད་རྣམ་སྒྲུབ་རྒྱུ་ཡིན་པ་བརྗོད་མེད་པ་རེད། དེ་ཡང་ཞི་རྒོལ་བ་ཚོའི་དགོས་འདུན་ཁག་ནི་སྤྱི་ཁྱབ་འགན་འཛིན་ལས་གནས་ནས་དགོངས་པ་ཞུ་དགོས་པ་དང་། ཉེན་རྟོག་པས་སྡུག་རྩུབ་བྱས་པའི་ཐོག་རང་དབང་ལྡན་པའི་དཔྱད་ཞིབ་བྱེད་དགོས་པ་དེ་རེད།

གཞན་ཡང་། ཐེ་ཝན་གྱིས་ཧོང་ཀོང་ནས་ཡོང་བའི་མི་མང་སྐྱབས་བཅོལ་དུ་ལེན་གྱི་ཡོད་པ་དང་། ཐེ་ཝན་ཀྱི་གཞོན་སྐྱེས་ཚོས་ཧོང་ཀོང་ནང་གི་ངོ་རྒོལ་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་སྟོན་བཞིན་ཡོད་འདུག དེའི་སྔོན་ཡང་། རྒྱ་གཞུང་ལ་ཁ་གཏད་གཅོག་མཁན་ཁག་ཅིག་ལ་ཐེ་ཝན་ནང་གནས་སྡོད་བྱེད་དུ་བཅུག་ཡོད་འདུག གནས་ཚུའ་འདིའི་ཐད་ལ་རྒྱ་ནག་གི་ཕྱོགས་ནས་མི་དགའ་བའི་རྣམ་འགྱུར་སྟོན་བཞིན་ཡོད་འདུག

དེ་ཡང་། འཛམ་གླིང་ནང་མི་མང་ཚོས་བེད་སྤྱོད་མང་ཤོས་དང་གནས་ཚུལ་སྤེལ་ས་ཆེ་ཤོས་ཀྱི་སྤྱི་ཚོགས་དྲ་ཚིགས་ཁྲུ་ཁྲི(Twitter)་ཡིས་གཟའ་ཟླ་བ་ཉིན། རྒྱ་གཞུང་གིས་རྒྱབ་རྟེན་བྱེད་པའི་གནས་ཚུལ་རྫུན་མ་སྤེལ་མཁན་ཁྲུ་ཝི་ཁྲི་བེད་སྤྱོད་གཏོང་མཁན་ཁ་བྱང་༩༣༦་མེད་པ་བཟོས་ཡོད་ཅིང་། ད་དུང་རྒྱ་གཞུང་གིས་རྒྱབ་རྟེན་བྱེད་པའི་གནས་ཚུལ་རྫུན་མ་སྤེལ་མཁན་ཡི་དྲ་རྒྱ་ཁག་ཅིག་ཀྱང་བཀག་ཡོད་པར་བརྗོད་འདུག

དེ་བཞིན། སྤྱི་ཚོགས་དྲ་རྒྱ་ངོ་དེབ་ཀྱིས་ཀྱང་། རྒྱ་ནག་རང་ནས་ཡིན་པའི་རྒྱ་གཞུང་གིས་རྒྱབ་རྟེན་བྱེད་པའི་ངོ་དེབ་བེད་སྤྱོད་གཏོང་མཁན་ཁ་བྱང་ལྔ་དང་། ངོ་དེབ་ཚོགས་པ་གསུམ། ངོ་དེབ་དྲ་རྒྱ་བདུན་བཅས་རྩ་མེད་བཏང་ཡོད་འདུག

རྒྱ་གཞུང་གིས་རྒྱབ་རྟེན་བྱེད་པའི་དྲ་ཚིགས་དང་ངོ་དེབ་བེད་སྤྱོད་གཏོང་མཁན་གྱིས་ཧོང་ཀོང་ནང་ངོ་རྒོལ་བ་ནི་དྲག་སྤྱོད་པ་དང་། འཚེ་བ་བྱེད་མཁན་ཡིན་པའི་འཕྲིན་ཐུང་དང་། པར་རིས་དྲ་ལམ་ནས་འཁོར་བསྐྱོད་བྱེད་པ་ནི་དར་སྲོལ་ཞིག་ཆགས་ཡོད་ཅིང་། རྒྱ་ནག་རང་ནས་ཡིན་པའི་ཁྲུ་ཝི་ཁྲི་དང་ངོ་དེབ་བེད་སྤྱོད་གཏོང་མཁན་དེ་ཚོས། ཧོང་ཀོང་ནང་གི་ངོ་རྒོལ་ཚོ་ནི་འཇིགས་སྐུལ་རང་ལུགས་པ་ཡིན་སྐོར་དང་། ཧོང་ཀོང་ནང་ལ་ལྟ་མཁྲེགས་དེ་འདྲ་མི་དགོས། འདི་ནས་རྒྱུགས་ཤིག་ཅེས་སོགས་བྲིས་ཡོད་འདུག