18
Thu, Apr

ཨ་རྒྱ་བར་གྱི་ཚོང་དམག་དང་དངུལ་ཀྱི་འཛའ་ལ་འགྱུར་བ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༨་ཚེས་༥་ཉིན། ཉེ་སྔོན་ཨ་རི་ཡིས་རྒྱ་ནག་ཐོག་ཚོང་ཁྲལ་སྤར་རྒྱུ་ཡིན་པར་རྒྱ་ནག་གིས་འཁོན་ལན་སློག་ཆེད། ཨ་སྒོར་གྱི་འཛའ་མར་བཅགས་ཡོད་སྟབས་ལོ་སྔོན་མ་ནས་བཟུང་འཛའ་དམའ་ཤོས་སུ་སླེབས་ཡོད་ཅིང་། དེས་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་དམག་གི་གནས་སྟངས་ཇེ་སྡུག་ཏུ་གཏོང་རྒྱུ་ཡིན་འདུག་པར་བརྗོད་འདུག

དེ་ཡང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་ལྟར་ན། ཟླ་འདིའི་ཚེས་༡་ཉིན། ཨ་རིའི་སྲིད་འཛིན་ཁྲུམ་ཕུ་ཡིས། རྒྱ་ནག་གི་ཚོང་རྫས་ཐོག་ལ་ཁྲལ་བརྒྱ་ཆ་༡༠་སྤར་རྒྱུ་ཡིན་པར་གསལ་བསྒྲགས་བྱས་རྗེས། རྒྱ་ནག་མི་དམངས་དངུལ་ཁང་གིས་ཟླ་འདི་ཚེས་༥་ཉིན། ཨ་རིའི་ཚོང་ཁྲལ་ཐོག་འཁོན་ལན་སློག་ཆེད་ཨ་སྒོར་གྱི་འཛའ་མར་བཅགས་ཡོད་པ་དང་། ཨ་སྒོར་གཅིག་ལ་རྒྱ་སྒོར་(ཡུན)བདུན་ཙམ་མ་གཏོགས་སྤྲོད་ཀྱི་མི་འདུག རྒྱ་ནག་གིས་ཚེས་༦་ཉིན་སླར་ཡང་ཨ་སྒོར་གྱི་འཛའ་མར་ཕེབས་ནས་ཨ་སྒོར་གཅིག་ལ་རྒྱ་སྒོར་༦.༩༦་བྱས་ཡོད་འདུག འདི་ནི་༢༠༠༨ལོའི་ལོ་ནས་བཟུང་ད་བར་དུ་ཨ་སྒོར་ལ་རྒྱ་སྒོར་གྱི་འཛའ་དམའ་ཤོས་དེ་ཆགས་ཡོད་འདུག

དེ་ནས་ཨ་རི་གཞུང་གིས་ལམ་སང་རྒྱ་ནག་ནི་དངུལ་གྱི་འཛའ་ཐང་གི་ལམ་ལུགས་རྩིས་མེད་གཏོང་མཁན་གྱི་རྒྱལ་ཁབ་དེ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་འདུག ཨ་རིའི་སྲིད་འཛིན་ཁྲུམ་ཕུས། རྒྱ་ནག་གིས་ཨ་སྒོར་གྱི་འཛའ་བཅགས་ནས་ཨ་རིའི་ཚོང་པ་ཚོའི་ཚོང་རྐུ་རྒྱུ་དང་། ལས་ཀར་གནོད་སྐྱོན་གཏོང་རྒྱུ། ལས་མི་ཚོའི་གླ་ཆར་ཕོག་ཐུག་གཏོང་ཐབས་བྱེད་རྒྱུ་ལས་གཞན་ཅི་ཡང་མ་རེད་ཅེས་བརྗོད་འདུག

ཨ་རི་དང་རྒྱ་ནག་གཉིས་བར་༡༩༩༤་ལོ་ནས་འབྲེལ་བ་བཟང་ཕྱོགས་སུ་སོང་བའི་རྗེས་ནས། ཨ་རི་གཞུང་གིས་རྒྱ་ནག་ནི་དངུལ་གྱི་འཛའ་ཐང་གི་ལམ་ལུགས་རྩིས་མེད་བྱེད་མཁན་གྱི་རྒྱལ་ཁབ་དེ་རེད་ཅེས་སྐྱོན་བརྗོད་བྱས་མི་འདུག འོན་ཀྱང་། ད་ལྟར་ཨ་རྒྱ་གཉིས་ཀྱི་ཚོང་དམག་མུ་མཐུད་ནས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། རྒྱ་ནག་གིས་དངུལ་ལོ་བེད་སྤྱོད་བཏང་ནས་ཨ་སྒོར་གྱི་འཛའ་རྒྱ་ནག་ནང་མར་བཅགས་པ་བཅས་ཀྱི་དངུལ་ལོའི་ལམ་ལུགས་དང་མ་མཐུན་པར་བྱས་རྐྱེན། རྒྱ་ནག་ནི་དངུལ་གྱི་འཛའ་ཐང་གི་ལམ་ལུགས་རྩིས་མེད་བྱེད་མཁན་གྱི་རྒྱལ་ཁབ་དེ་རེད་ཅེས་སྐྱོན་བརྗོད་བྱས་འདུག

རྒྱལ་སྤྱིའི་གནས་སྟངས་ཐོག་ཉམས་ཞིབ་བྱེད་མཁན་ཚོས་བརྗོད་པ་ལྟར་ན། རྒྱ་ནག་གི་ཨ་སྒོར་གྱི་འཛའ་བཅགས་པ་དེས། རྒྱ་ནག་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་པ་མ་ཟད། རྒྱ་ནག་ནང་ཡོད་པའི་ཚོང་གཉེར་ཁང་དང་མ་རྩ་རིང་ལུགས་པ་མང་པོ་ཞིག་རྒྱ་ནག་ནས་ཕྱིར་ཐོན་འགྲོ་རྒྱུ་ཡི་ཉེན་ཁ་ཆེན་པོ་ཆགས་ཡོད་པའང་འགྲེལ་བརྗོད་བྱས་འདུག འདི་ལོའི་ཟླ་༥་དང་༦་པའི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་ནི་བརྒྱ་ཆ་༦.༢་ཡིན་པ་དང་། དེ་ནི་༡༩༩༢་ལོ་ནས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་དམའ་ཤོས་དེ་ཡིན་འདུག

ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་དམག་གི་རྐྱེན་པས་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཡོད་འདུག ད་དུང་ཡང་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་ཚོང་གཉེར་ཁང་མང་པོ་ཞིག་ཀྱང་འཇིགས་སྣང་འོག་གནས་ཡོད་པ་རེད། ཉེ་ཆར་ཉི་ཧོང་གི་དངུལ་བརྗེ་ལེན་ཁང་(ནི་ཁེ)གིས་བརྡ་སྟོན་པ་ལྟར་ན། ཉི་ཧོང་གི་དངུལ་བརྗེ་ལེན་གྱི་ཚད་བརྒྱ་ཆ་༡.༧་མར་ཆགས་ཡོད་པ་དང་། དེ་བཞིན། ལྷོ་ཁོ་རེ་ཡའི་དངུལ་བརྗེ་ལེན་གྱི་ཚད་བརྒྱ་ཆ་༢.༦་མར་ཆགས་པ། ཧྲང་ཧེ་ཡི་དངུལ་བརྗེ་ལེན་གྱི་ཚད་བརྒྱ་ཆ་༡.༦་མར་ཆགས་པ། ཧོང་ཀོང་ནང་ངོ་རྒོལ་ཡུན་རིང་བྱུང་བར་བརྟེན། ཧོང་ཀོང་ནང་དངུལ་བརྗེ་ལེན་གྱི་ཚད་ཀྱང་བརྒྱ་ཆ་༣.༡་མར་ཆགས་ཡོད་འདུག གཞན་ཡང་། ཨ་རིའི་དངུལ་བརྗེ་ལེན་གྱི་ཚད་བརྒྱ་ཆ་༤.༦་མར་ཆགས་ཡོད་འདུག

ད་ལྟའི་ཆར། ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་དམག་རྒྱག་བཞིན་ཡོད་པ་དང་། ཉི་ཧོང་དང་ལྷོ་ཁོ་རེ་ཡ་གཉིས་ཀྱིས་རྙོག་གླེང་ཁྲོད། འཛམ་གླིང་གི་དཔལ་འབྱོར་འཁོར་བསྐྱོད་ལ་རྡབ་གསིག་ཤུགས་ཆེན་ཐེབས་བཞིན་ཡོད་འདུག ཉི་ཧོང་སྲིད་བློན་ཨ་བྷེ་ཡིས་ཉེ་ཆར་ལྷོ་ཁོ་རེ་ཡ་ཉི་ཧོང་གི་དཀར་ཐོ(white lists) ནས་བཏོན་ཡོད་པ་དང་། དེ་ནི་ཚོང་གཉེར་ཁང་ཚོས་ལྷོ་ཁོ་རེ་ཡ་དང་ཚོང་འབྲེལ་བྱེད་དགོས་ཚེ་ཉི་ཧོང་གཞུང་ནས་ཆོག་མཆན་རིམ་པ་ཞུ་དགོས་པའི་གནད་དོན་ཞིག་ཆགས་ཡོད་འདུག