16
Tue, Apr

༢༠༡༩ལོའི་ཟླ་༧་ཚེས་༡༢་ཉིན། བལ་ཡུལ་གྱི་སྲང་ལམ་ཁག་ཏུ་ཆར་ཆུས་གང་ཡོད་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༧་ཚེས་༡༥་ཉིན། རྒྱལ་སྤྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་ལྟར་ན། ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་བལ་ཡུལ་དང་། རྒྱ་གར། བྷན་ལ་བྷེ་ཤེ་སོགས་ལ་ཆར་ཆུ་རྐྱེན་པས་ཆུ་ལོག་རྒྱུགས་ནས། མི་མང་གི་སྡོད་ཁང་མང་པོ་ཞིག་ལ་གཏོར་བཤིག་བཏང་ཡོད་པ་མ་ཟད། དེའི་ཁྲོད་རྒྱ་གར་དང་བལ་ཡུལ་བསྡོམས་པའི་ཁྱོན་མི་༩༠་ཙམ་ཚེ་སྲོག་ཤོར་ཡོད་ཅིང་། མི་ས་ཡ་གཅིག་ཙམ་གནས་སྤོ་བྱས་དགོས་བྱུང་ཡོད་འདུག

དེ་ཡང་། ཟླ་འདིའི་ཚེས་༡༢་ཉིན་ལ་བལ་ཡུལ་ནང་ཆར་བ་ཤུགས་ཆེན་བཏང་བའི་རྐྱེན་གྱིས་བལ་ཡུལ་རྒྱལ་ས་ཀ་ཐི་མན་ཏོའི་གཞུང་ལམ་དང་སྲང་ལམ་ཁག་ལ་ཆུས་གང་ཡོད་པ་དང་། ས་ཁུལ་གཞན་སོགས་ལ་ཆུ་ལོག་རྒྱུགས་ནས་མི་མང་གི་སྡོང་ཁང་མང་པོ་གཏོར་བཤིག་བཏང་ཡོད་པ་མ་ཟད། དེའི་ཁྲོད་མ་མཐའ་ཡང་མི་༦༥་ཡི་ཚེ་སྲོག་ཀྱང་ཤོར་ཡོད་པ་དང་། མི་༣༨་བརླགས་ཡོད་པ་བཅས་བལ་ཡུལ་ཉེན་རྟོག་པས་བྷི་བྷི་སེའི་གསར་ཁང་ལ་བརྗོད་འདུག

གཞན་བལ་ཡུལ་ནང་། ཟླ་འདིའི་ཚེས་༡༢་ནས་ཆར་བ་ཤུགས་ཆེན་བཏང་བ་འགོ་བཙུགས་ཡོད་པ་དང་། བལ་ཡུལ་གྱི་རྫོང་ཁག་༣༠་ལ་ཆར་བས་ཤུགས་རྐྱེན་སྤྲད་ཡོད་ཅིང་། གཞུང་ལམ་ཆེན་པོ་༩་ཆུས་བཀག་ཡོད་པ་དང་། མི་མང་ཁྲི་གཅིག་ལྷག་ཙམ་གནས་སྤོ་བྱས་དགོས་བྱུང་ཡོད་པར་ཨེར་ཇན་ཛ་ར་གསར་ཁང་ནས་སྤེལ་འདུག དེ་བཞིན་རྒྱ་གར་གྱི་ཨ་སམ་མངའ་སྡེ་ནང་ཆར་བ་ཤུགས་ཆེན་བཏང་ནས། དེར་རྒྱུགས་བཞིན་ཡོད་པའི་རྟ་མཆོག་ཁ་འབབ་རྒྱུགས་ཆུའི་ཚད་ཧ་ཅང་མགྱོགས་པོ་འཕར་བཞིན་ཡོད་པ་མ་ཟད། ཆུ་ལོག་ཀྱང་རྒྱུགས་ནས་མི་༡༡་ཙམ་གྱི་ཚེ་སྲོག་ཤོར་ཡོད་ཅིང་། མི་མང་གི་སྡོད་ཁང་སྟོང་ཕྲག་འགའ་ཆུའི་ནང་ནུབ་པ་དང་། མངའ་སྡེའི་རྫོང་ཁག་༢༢་ལ་ཆུ་ལོག་གི་དཀའ་ངལ་འཕྲད་བཞིན་ཡོད་འདུག

ད་དུང་ཡང་ཆུ་ལོག་རྒྱུགས་པའི་ཉེན་ཁ་ཧ་ཅང་ཡོད་པར་བརྟེན། ཨ་སམ་མངའ་སྡེ་གཞུང་གིས་ཆུ་ལོག་གི་ཉེན་གཡོག་བྱེད་ཆེད་མི་མང་ས་ཡ་གཅིག་མེད་ཙམ་ལ་གནས་སྤོ་བྱས་བཅུག་ཡོད་པ་དང་། ཉེན་སྐྱོབ་སྒར་༡༨༣་མངའ་སྡེའི་ནང་བཙུགས་ཡོད་འདུག གཞུང་གི་གླིང་ག་མང་པོའི་ནང་ཆུ་ལོག་རྒྱུགས་ནས་སེམས་ཅན་འབོར་ཆེན་ལ་དཀའ་ངལ་ཡང་འཕྲད་བཞིན་ཡོད་འདུག་བཅས་གྷ་སྒྲན་གསར་ཁང་ནས་སྤེལ་འདུག

གཞན་ཡང་། རྒྱ་གར་མངའ་སྡེ་བྷེ་ཧ་དང་མ་ཧ་ར་ཤི་ཏི་ར་སོགས་ལ་ཆར་བ་ཤུགས་ཆེན་བཏང་བའི་རྐྱེན་ཀྱིས་མི་མང་གི་སྡོད་ཁང་དང་། གཞུང་ལམ་ལ་གཏོར་བཤིག དེ་བཞིན་མི་མང་གནས་སྤོ་སོགས་བྱས་དགོས་འབྱུང་བཞིན་ཡོད་པར་རྒྱ་གར་གསར་ཁང་ནས་སྤེལ་བཞིན་འདུག

ད་དུང་། ཉེ་ཆར་བྷན་ལ་བྷེ་ཤེ་ནང་ཆར་བ་ཤུགས་ཆེན་བཏང་བའི་རྐྱེན་གྱིས་མི་ཁྲི་བཞི་ཙམ་ལ་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད། མ་མཐའ་ཡང་མི་༡༠་གྲངས་ཤིག་གི་ཚེ་སྲོག་ཀྱང་ཤོར་ཡོད་འདུག ལྷག་པ་དུ། རྒྱབ་ཁབ་དེའི་ལྷོ་ཕྱོགས་ས་ཁུལ་མ་ཡན་མར་ནས་ཡོང་བའི་རོ་ཧན་ཌ་སྐྱབས་བཅོལ་གནས་སའི་ས་ཁུལ་ལ། ཆར་ཆུས་ཁོ་ཚོ་གནས་སྐབས་རིང་བསྡད་ཡོད་པའི་སྡོད་ཁང་སྟོང་ཕྲག་འགའ་ལ་གནོད་སྐྱོན་བཏང་ཡོད་འདུག ཆར་ཆུའི་ཤུགས་རྐྱེན་ཐེབས་པའི་སྐྱབས་བཅོལ་ཚོར་རྒྱལ་སྤྱི་ཚོགས་ཁག་དང་ཚོགས་པ་གཞན་སོགས་ཀྱིས་རོགས་རམ་བྱས་ཡོད་པར་བཅས་ནིའུ་ཡོ་ཁུའི་གསར་ཁང་ནས་སྤེལ་འདུག

ལོ་ལྟར་ཟླ་བདུན་པ་ནི་ལྷོ་ཨེ་ཤར་ཡའི་རྒྱལ་ཁབ་ཁག་ནང་ཆར་དུས་ཡིན་པ་དང་། ཆར་བ་ཡང་ཤུགས་ཆེན་འབབ་པའི་ཟླ་བ་ཞིག་ཡིན་པ་རེད། དེར་བརྟེན། རྒྱལ་ཁབ་འདི་དག་གི་ནང་ལོ་ལྟར་ཆུ་ལོག་གི་དཀའ་ངལ་འཕྲད་བཞིན་ཡོད་འདུག འོན་ཀྱང་། རྒྱལ་ཁབ་འདི་དག་ནང་ལོ་སྔོན་མ་དང་འདི་ལོ་ནི་ཆུ་ལོག་གི་དཀའ་ངལ་སྔོན་ལས་ཆེ་བ་ཕྱིན་ནས་དཀའ་ངལ་འཕྲད་བཞིན་ཡོད་པར་དཔྱད་ཞིབ་པ་ཚོས་འགྲེལ་བརྗོད་བྱས་འདུག དེའི་རྒྱུ་རྐྱེན་གཙོ་བོ་ནི། གནམ་གཤིས་འགྱུར་ལྡོག་ཕྱིན་ནས་ཆར་བ་འབབ་སྟངས་ཀྱི་འཁོར་བསྐྱོད་ཡང་འགྱུར་བ་ཕྱིན་པའི་དབང་གིས་ཡིན་པར་རྒྱལ་སྤྱིའི་བརྒྱུད་ལམ་ཁང་དུ་གནས་གཤིས་དཔྱད་ཞིབ་པས་བརྗོད་པར་གསལ་འདུག