19
Fri, Apr

༢༠༡༩་ཟླ་༧་ཚེས་༦་ཉིན། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་གནས་མཁར་གསར་ས་གནས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་བཞིན་པ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༧་ཚེས་༦་ཉིན། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་གནས་མཁར་གསར་ས་གནས་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། ཉིན་དེའི་དགའ་སྟོན་མཛད་སྒོའི་ཐོག་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཁྱོན་མི་གྲངས་ཉིས་བརྒྱ་ལྷག་འདུ་འཛོམས་བྱས་འདུག

སྐུ་མགྲོན་གཙོ་བོར་ཨོ་གླིང་གྲོས་ཚོགས་འོག་མིའི་ས་གནས་འཐུས་མི་ལྕམ་ཤཱ་རོན་( Ms Sharon Claydon)་མཆོག་དང་། བོད་མི་མང་སྤྱི་འཐུས་རྒྱ་རིགས་ཐར་ལགས། དེ་བཞིན་ས་གནས་རིག་པ་ཆོས་ཚོགས་ཀྱི་འགན་འཛིན་ལྕམ་སུའུ་(Sue) ལགས་དང་མངའ་སྡེའི་ཤེས་རིག་ལས་ཁུངས་ཀྱི་རིག་གཞུང་སྣ་འཛོམས་འབྲེལ་མཐུད་པ་ལྕམ་ཁཱ་རཱ་( Kara) ལགས་བཅས་ཆེད་ཕེབས་གནང་ཡོད།

མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་འདྲེན་ཞུས་ཏེ་མཇལ་དར་སྒྲོན་འབུལ་དང་། བོད་དང་ཨོ་གླིང་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་ལེན། གནས་མཁར་གསར་བོད་ཡིག་སློབ་གྲྭའི་སློབ་ཕྲུག་རྣམས་དང་ས་གནས་བོད་རིགས་གཞོན་སྐྱེས་ཚོས་གར་གྱི་མཆོད་པ་ཕུལ་རྗེས། བོད་མི་མང་སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས་༸སྐུའི་འཁྲུངས་སྐར་དང་འབྲེལ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་ལྗགས་ཀློག་གནང་རྗེས།

སྐུ་མགྲོན་གཙོ་བོ་ཨོ་གླིང་གྲོས་ཚོགས་འཐུས་མི་ལྕམ་ཤཱ་རོན་མཆོག་གིས་མཛད་སྒོའི་ཐོག་ནིའུ་ཀ་སེལ་བོད་ཡིག་སློབ་གྲྭའི་སློབ་སྦྱོང་རྩེ་ཕུད་དང་ཀུན་སྤྱོད་ཡག་ཤོས། འབྲི་ཀློག་ཡག་ཤོས། སློབ་གྲྭའི་ཆེས་མཐོའི་གཟེངས་རྟགས་སྤྱོད་ཡོན་གཉིས་ལྡན་གྱི་སློབ་ཕྲུག དེ་བཞིན་ད་ལོར་ཨོ་གླིང་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ཉི་ཧོང་རྒྱལ་སར་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ཁྲོད་མཉམ་ཞུགས་གནང་མཁན་སློབ་ཕྲུག་ཞི་བ་འདུད་བཅས་ལ་གཟེངས་རྟགས་གནང་ཞིང་།

མཛད་སྒོའི་སྐུ་མགྲོན་གཙོ་བོ་ལྕམ་ཤཱ་རོན་མཆོག་གིས་གཏམ་བཤད་ཤོད་སྐབས། བོད་མི་རྣམས་རང་ཡུལ་དང་བྲལ་ནས་ཕྱི་གླིང་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱ་བཞིན་ཡོད་ཀྱང་། ཁོ་ཚོས་དུས་རྒྱུན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་སེམས་ལ་བཟུང་ནས། ཞི་བདེ་དང་སྙིང་རྗེ། བཟོད་སྒོམ་དང་གཞན་ཕན་གྱི་བསམ་བློ་རྒྱུད་སྤེལ། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གཞུང་མི་ཉམས་གོང་འཕེལ་གཏོང་བཞིན་ཡོད་པར་བསྔགས་བརྗོད་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ཁག་ཉན་རྗེས་མོ་རང་གི་སེམས་ལའང་འགྱུར་བ་ཆེན་པོ་ཞིག་ཐེབས་ཞིང་། མ་འོངས་པར་མོ་རང་གིས་ཀྱང་སོ་སོའི་མི་ཚེའི་འཚོ་བའི་ཁྲོད་བཟོད་བསྲན་དང་ཞི་བདེའི་མཚོན་པའི་༸གོང་ས་ཏཱ་ལའི་བླ་མའི་བཀའ་སློབ་ཁག་བོད་པ་ཚོ་ནང་བཞིན་ལག་ལེན་བསྟར་ཅི་ཐུབ་གནང་རྒྱུ་ཡིན་སྐོར་གསུངས་སོང་།

ལྕམ་ཤཱ་རོན་མཆོག་གིས་མུ་མཐུད་གསུང་དོན། མོ་རང་གི་ངོས་ནས་དུས་རྒྱུན་དུ་ཨོ་གླིང་གྲོས་ཚོགས་ར་བའི་ནང་བོད་དོན་ཐད་རྒྱབ་སྐྱོར་ཡོང་ཐབས་ལ་གོ་སྐབས་དམ་འཛིན་དང་། དེའི་ཐད་འབད་བརྩོན་བྱ་བཞིན་ཡོད་པ་མ་ཟད། མ་འོངས་པར་ཡང་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་ཁས་ལེན་ཀྱང་གནང་སོང་།

གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་ལས་རིམ་གྱི་ཆ་ཤས་སུ། ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༥ཉིན་ཨོ་གླིང་ནིའུ་ཀ་སེལ་བོད་རིགས་མཐུན་ཚོགས་དང་ཨོ་གླིང་བོད་ཀྱི་མདའ་རྩལ་གཉིས་ནས་ས་གནས་སུ་སྐབས་བཞི་པའི་ཨོ་གླིང་བོད་ཀྱི་མདའ་རྩལ་འགྲན་བསྡུར་ཆེན་མོ་གོ་སྒྲིག་བྱས་ཡོད་པ་དང་། ཉིན་དེའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས་མཛད་སྒོའི་ཐོག་མདའ་མོའི་རིག་གནས་ཅི་ལྟར་དར་མིན་གྱི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ་གསུང་དོན། ང་ཚོ་བོད་པར་ཐུན་མོང་མ་ཡིན་པའི་བཤད་ཚུལ་ཞིག་ལ། མི་ལ་ཕྱྭ་དང་ཕྱུགས་ལ་གཡང་། ཕྱྭ་གཡང་ཞེས་པའི་ཐོག་བཤད་ན། བོད་ཆོལ་ཁ་གསུམ་ཡོངས་སུ་ཡོད་པ་གསལ་པོ་མེད་མོད། དཔེར་ན། ཆོལ་གསུམ་ནང་ཚན་ལས་དབུས་གཙང་གི་ཀོང་པོ། མདོ་སྟོད་ཀྱི་བདེ་ཆེན། མདོ་སྨད་ལ་དམིགས་གསལ་གྱིས་རོང་པ་ཁག་ལ་མདའ་ཧ་ཅང་གི་དར་ཁྱབ་ཆེན་པོ་ཡིན་པ་མ་ཟད། འདི་ལ་བརྩེ་བ་ཡོད་པ་ཞིག་ཏུ་གྱུར་འདུག

དེ་བཞིན་བོད་པའི་ཁྱིམ་ཚང་རེའི་ཕུག་ལ་གཡང་མདའ་བཞག་ཡོད་ཅིང་། དེ་ནི་ཕྱྭ་གཡང་ཅེས་པ་ཕུན་ཚོགས་དང་ལྡན་པར་བྱེད་པ། བདེ་སྐྱིད་དང་ལྡན་པར་བྱེད་པ། མངའ་ཐང་དང་ལྡན་པར་བྱེད་པ། ལྷག་པར་ཕོ་ལྷ། དགྲ་ལྷ། ཡུལ་ལྷ་གཞི་བདག་བཅས་སུ་ཆེ་བསྟོད་དང་གོང་བཀུར་སོགས་མཚོན་པ་ལྟར། མདའ་ནི་རིག་གཞུང་གི་རྒྱབ་ལྗོངས་མཐུག་པོ་ཡོད་པའི་བོད་མིའི་ཐུན་མིན་གྱི་རིག་དངོས་ཞིག་རེད་ཅེས་དང་། དེ་བཞིན་ཁོང་གིས་ཨོ་གླིང་ནིའུ་ཀ་སེལ་ས་གནས་ནས་བོད་མདའི་རིག་གཞུང་མགོ་བཙུགས་ཤིང་། ད་ལྟའི་ཆར་ཨོ་གླིང་གི་ས་གནས་སོ་སོའི་བོད་ཆོལ་ཁ་གསུམ་གྱི་མདའ་བ་མཉམ་འཛོམས་ཀྱིས་ཨོ་གླིང་བོད་ཀྱི་མདའ་རྩལ་འགྲན་བསྡུར་ཆེན་མོ་འཛུག་ཐུབ་པར་བསྟོད་བསྔགས་དང་། བོད་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་འདི་མ་དོར་བར་མུ་མཐུད་དུ་རྒྱུན་སྐྱོང་གིས། རྒྱལ་སྤྱིའི་རང་བཞིན་ཅན་དུ་རྒྱ་བསྐྱེད་ཀྱིས་བོད་པའི་བདེན་མཐའ་གསལ་རྒྱུར་མཐུན་གྲོགས་སྒྲུབ་པའི་ཆ་ཤས་སུ་འགྱུར་བར་བྱེད་རྒྱུ་གལ་ཆེན་རེད་ཅེས་ལམ་སྟོན་གནང་སོང་།

མདའི་སྐོར་ལ་བོད་ཕྱི་ནང་གཉིས་ཀྱི་ཉམས་མྱོང་ཡོད་ཅིང་མདའ་རྩལ་འགྲན་བསྡུར་ཁྲོད་ཀྱི་ལོ་ན་མཐོ་ཤོས་ཡིན་པའི་བསོད་ནམ་དོན་འགྲུབ་ལགས་ཀྱིས་ཐེངས་འདིའི་མདའ་རྩལ་འགྲན་ཞུགས་ཁྲོད་ཀྱི་མྱོང་སྣང་བརྗོད་དོན། ང་རང་ཆུང་དུས་བོད་ནས་མདའ་འཕེན་པར་དགའ་བ་མ་ཟད། མདའ་གོ་སྒྲིག་བྱེད་མཁན་གཙོ་བོ་ཞིག་ཡིན། སྤྱི་ནོར་ ༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་བོད་ཀྱི་སྲོལ་རྒྱུན་རིག་གཞུང་མདའ་རྩལ་འགྲན་བསྡུར་གོ་སྒྲིག་བྱས་པ་འདིར་དགའ་ནས་མཉམ་ཞུགས་བྱེད་དུ་ཡོང་བ་དང་། དགའ་དགའ་སྤྲོའི་སྤྲོའི་ངང་མདའ་རྩལ་འགྲན་བསྡུར་བྱས་པས་ང་རང་གི་སེམས་ནས་སྐྱིད་པོ་ཞིག་རེད་ལ། ཨོ་གླིང་དུ་ཡོང་ནས་བོད་རང་གི་རིག་གཞུང་འཁྲབ་སྟོན་ཁྲོད་ནས་སྐྱིད་པོ་འདི་འདྲ་བ་ཞིག་དེ་རིང་མ་གཏོགས་བྱུང་མྱོང་མེད་ཅེས་དང་། ཡང་ཁོང་གིས་མདའ་འཕེན་སྟངས་ཕ་ཡུལ་གྱི་མདའ་འཕེན་སྟངས་དང་གཅིག་མཚུངས་རེད། ང་ཚོ་ལ་ལྡིང་ཕྱོགས་ཀྱི་སྟེང་ནས་ཆ་རྐྱེན་འདང་གི་མེད་པ་དེ་གཅིག་པུ་རེད་ཅེས་འགྲེལ་བརྗོད་བྱས་སོང་།

ཨོ་གླིང་བོད་ཀྱི་མདའ་རྩལ་འགྲན་བསྡུར་གྱི་ཐོག་མར། འགྲན་ཞུགས་མདའ་བ་ཡོངས་སྲོང་བཙན་དང་ཁྲི་སྲོང་ཅེས་རུ་ཁག་གཉིས་སུ་བགར་ཏེ་བོད་ཀྱི་སྲོལ་རྒྱུན་ལྟར་མ་ལྔ་དང་བུ་ལྔ་བྱས་ཏེ་འགྲན་བསྡུར་བྱས་ཤིང་། ཁྲི་རལ་རུ་ཁག་ལ་མ་ལྔ་དང་བུ་དྲུག་ལོངས་ཏེ་རྒྱལ་ཁ་ཐོབ་ཡོད། དེའི་རྗེས་ཨོ་གླིང་གི་ས་གནས་གསུམ་གྱི་རུ་ཁག་རེར་མདའ་བ་དྲུག་རེར་བགོས་ཤིང་། གསུམ་འཕེན་གཉིས་ཐོབ་ཀྱི་འགྲན་བསྡུར་ཁྲོད་དུ། ནིའུ་ཀ་སེལ་ས་གནས་ཨང་དང་པོ་དང་། ཁེམ་བྷི་ར་ས་གནས་ཨང་གཉིས་པ། སིད་ནེ་ས་གནས་ཨང་གསུམ་པ་བླངས་ཡོད། དེ་ནས་རྒྱལ་སྤྱིའི་མདའ་བའི་འགྲོ་སྟངས་ལྟར། མི་སྒེར་གྱི་མདའ་རྩལ་འགྲན་བསྡུར་ཐེངས་གསུམ་བྱས་ཏེ་ཕྱི་ལོ་ ༢༠༡༩ ལོའི་བོད་ཀྱི་མདའ་བའི་མཚན་སྙན་རྩད་ཅིང་། ཨང་དང་པོ་ཚེ་རིང་སྟོབས་ལྡན་དང་། ཨང་གཉིས་པ་ཡོན་ཏན་མཐར་ཕྱིན། ཨང་གསུམ་པ་སངས་རྒྱས་མགོན་བཅས་ནས་བླངས་ཡོད།

གཞན་ཡང་སྐབས་དེའི་མདའ་རྩལ་འགྲན་བསྡུར་གྱི་ཚོགས་རའི་འགན་ཁུར་བ་ Boolaroobowmen མདའ་བ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བྷར་ན་ཐི་མེའུ་ལོན་(Bernard Malone) ལགས་ཀྱིས་བོད་ཀྱི་མདའ་རྩལ་འགྲན་བསྡུར་ཐད་མྱོང་ཚོར་བརྗོད་དོན། ང་རང་ཡང་མདའ་བ་ཅིག་ཡིན། ད་བར་དུ་ང་ཚོ་ཕྱི་གླིང་གི་མདའ་བ་རྣམས་ཀྱིས་རྒྱལ་ཕམ་དང་འགྲན་སེམས་ཁོ་ན་སེམས་སུ་བཟུང་ཏེ། གཙོ་བོ་གཞུའི་སྟེང་དུ་ཚད་ཐིག་རྒྱང་ཤེལ་བགར་ནས་མདའ་འཕེན་བཞིན་ཡོད་པ་དང་། བོད་ཀྱི་སྲོལ་རྒྱུན་མདའ་རྩལ་འགྲན་བསྡུར་ལས། བོད་ཀྱི་མདའ་བ་རྣམས་ཀྱིས་གཞུ་མོའི་སྟེང་རྒྱང་ཤེལ་མི་བགར་བར། གཙོ་བོ་སེམས་པ་ཞི་བར་གནས་ནས་མིག་དང་ལག་རྩལ་ཁོ་ནར་བསྟེན་ཏེ་རྒྱང་ཐག་རིང་པོར་མདའ་མོ་འཕེན་ཞིང་། རྒྱལ་ཕམ་དང་འགྲན་སེམས་གཙོ་བོ་མིན་པར་འགྲན་བསྡུར་དེ་བཞིན་སྤྲོ་བ་འཕེལ་བ་ཞིག་དང་། ལྟད་མོ་བར་ཐུན་མོང་མ་ཡིན་པའི་བབ་ཆགས་ལ་གཤིས་འཇམ་པའི་བག་ཆགས་ཤིག་འཇོག་གིན་འདུག་ཅེས་གདེང་འཇོག་མཐོན་པོ་གནང་སོང་། མདའ་རྩལ་འགྲན་བསྡུར་གྱི་གཟེངས་རྟགས་ཁག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས་གནང་ཡོད་པ་བཅས། །