19
Fri, Apr

ཧོང་ཀོང་གི་སྐད་གྲགས་ཅན་གྱི་གཞས་མ་དང་ལས་འགུལ་པ་ཌེ་ནི་སེ་ཧོ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༧་ཚེས་༨་ཉིན། རྒྱལ་སྤྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་འཚོགས་སྐབས། ཧོང་ཀོང་གི་སྐད་གྲགས་ཅན་གྱི་གཞས་མ་དང་ལས་འགུལ་པ་ཌེ་ནི་སེ་ཧོ་ཡིས་རྒྱ་གཞུང་གིས་ཧོང་ཀོང་གི་མང་གཙོའི་ལམ་ལུགས་ལ་རྡོག་རོལ་ཤུགས་ཆེན་གཏོང་བཞིན་ཡོད་པ་དང་། རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འབུད་གཏོང་དགོས་པའི་རེ་འདུན་བཏོན་འདུག

དེ་ཡང་། རྒྱལ་སྤྱི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་ཟླ་༦་ཚེས་༢༤་ནས་ཟླ་༧་ཚེས་༡༢་བར་ཇེ་ནེ་ཝར་འཚོགས་བཞིན་ཡོད་པ་དང་། ལྷན་ཚོགས་དེ་ནི་འཛམ་གླིང་སྟེང་དུ་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལ་གོ་བསྡུར་དང་སྙན་གསེང་ཞུ་ས་ཞིག་ཡིན་འདུག

ཟླ་འདིའི་ཚེས་༤་ཉིན། བོད་ཀྱི་སྐུ་ཚབ་དཀོན་མཆོག་གཡུ་ཐོག་ལགས་ཀྱིས་རྒྱལ་སྤྱི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་སྐོར་དང་། བོད་ནི་འཛམ་གླིང་སྟེང་གི་ཆེས་རང་དབང་མེད་པའི་རྒྱལ་ཁབ་གཉིས་པ་དེ་ཡིན་པར་གཏམ་བཤད་ཤོད་སྐབས། རྒྱ་གཞུང་གི་སྐུ་ཚབ་ཀྱིས་ཐེངས་གསུམ་ལ་ཁོ་མོའི་སྐད་ཆ་ལ་བར་ཆད་བྱས་འདུག

དེ་བཞིན་ཟླ་འདིའི་ཚེས་༨་ཉིན་ལ་ཧོང་ཀོང་གི་སྐུ་ཚབ་ཌེ་ནི་སེ་ཧོ་ཡིས། རྒྱལ་སྤྱི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག རྒྱ་གཞུང་གིས་ཧོང་ཀོང་ནང་གི་མང་གཙོའི་ལམ་ལུགས་ལ་ནུས་པ་གང་ཡོད་ཀྱིས་རྡོག་རོལ་གཏོང་གི་ཡོད་པ་དང་། ཧོང་ཀོང་མི་མང་ལ་སྲུང་སྐྱོབ་བྱེད་རོགས། རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འབུད་གཏོང་དགོས་པའི་རེ་འདུན་བཏོན་འདུག དེའི་སྐབས་སུ། རྒྱ་གཞུང་གི་སྐུ་ཚབ་ཀྱིས་སླར་ཡང་ཧོང་ཀོང་སྐུ་ཚབ་ཀྱི་སྐད་ཆ་ལའང་ཐེངས་གཉིས་ལ་བར་ཆད་བྱས་ཡོད་འདུག

དེ་ཡང་། ཧོང་ཀོང་གི་སྐད་གྲགས་ཅན་གྱི་གཞས་མ་དང་ལས་འགུལ་པ་ཌེ་ནི་སེ་ཧོ་ཡིས། ༡༩༩༧་ལོར་ཧོང་ཀོང་རྒྱ་ནག་དང་མཉམ་འབྲེལ་བྱེད་སྐབས། ཧོང་ཀོང་ལ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཡོད་པར་ཁས་ལེན་བྱས་ཡོད་ཅེས་དང་། འོན་ཀྱང་། རྒྱ་གཞུང་གིས་ཁས་ལེན་དེ་ཚོ་རྩིས་མེད་བྱས་པའི་རྐྱེན་གྱིས། ཉེ་ཆར་ཧོང་ཀོང་ནང་མི་མང་ས་ཡ་ལྷག་གིས་ངོ་རྒོལ་བྱུང་བ་རེད་ཅེས་འགྲེལ་བརྗོད་བྱས་འདུག