20
Sat, Jul

༢༠༡༩་ལོའི་ཟླ་༦་ཚེས་༢༦་ཉིན། ཧོང་ཀོང་མི་མང་གིས་སྟོབས་ཆེན་རྒྱལ་ཁབ་༢༠་ཡི་ཚོགས་ཆེན་ཐོག་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་གླེང་དགོས་པའི་འབོད་སྐུལ་གྱི་ལས་འགུལ་སྤེལ་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༦་ཚེས་༢༧་ཉིན་སྤེལ། ཧོང་ཀོང་ནང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་བྱས་དང་བྱེད་བཞིན་ཡོད་པ་དང་། ཧོང་ཀོང་མི་མང་གིས་ཨ་རི་དང་དབྱིན་ལན་སོགས་ལ་ཉི་ཧོང་དུ་འཚོགས་ལ་ཉེ་བའི་སྟོབས་ཆེན་རྒྱལ་ཁབ་༢༠(G 20)་ཡི་ཚོགས་ཆེན་གྱི་སྐབས་སུ། ཧོང་ཀོང་ནང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་སྐོར་གླེང་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་འདུག

དེ་ཡང་། ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁད་རི་ལམ་གྱིས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་གནས་སྐབས་རིང་མཚམས་བཞག་ཡོད་པར་བརྗོད་ཡོད་ཀྱང་། ཧོང་ཀོང་མི་མང་གིས་ཁྲིམས་འཆར་དེ་རྩ་མེད་མ་བྱེད་བར་དུ་ངོ་རྒོལ་བྱེད་རྒྱུ་ཡིན་པ་མ་ཟད། རྒྱལ་སྤྱིའི་ཐོག་གི་ཆབ་སྲིད་པ་དང་རང་དབང་ལ་དགའ་བའི་མི་རྣམས་ཧོང་ཀོང་མི་མང་ལ་རྒྱབ་སྐྱོར་བྱེད་པའི་རེ་སྐུལ་ཡང་ཞུས་འདུག

ལྷག་པར་དུ། ཉི་ཧོང་ནང་དུ་འཚོགས་ལ་ཉེ་བའི་སྟོབས་ཆེན་རྒྱལ་ཁབ་༢༠་ཡི་ཚོགས་ཆེན་ཐོག་ལ་ཨ་རི་དང་། དབྱིན་ལན། ཉི་ཧོང་སོགས་ལ་ཧོང་ཀོང་ནང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཆ་ཚང་ཕྱིར་འཐེན་བྱེད་དགོས་པའི་སྐོར་གླེང་རྒྱུར་འབོད་སྐུལ་ཡང་ཞུས་འདུག

འོན་ཀྱང་། ཉེ་སྔོན་རྒྱ་གཞུང་གི་ཕྱི་སྲིད་བློན་ཆེན་ཀྲང་ཧོན་གྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྟོབས་ཆེན་རྒྱལ་ཁབ་༢༠་ཡི་ཚོགས་ཆེན་ཐོག་ལ་རྒྱལ་ཁབ་སུ་ཡིན་ཡང་། ཉེ་ཆར་ཧོང་ཀོང་ནང་བྱུང་བའི་ངོ་རྒོལ་ཐོག་སྐད་ཆ་གང་ཡང་བཤད་མི་ཆོག་པ་དང་། ཧོང་ཀོང་གནད་དོན་ནི་རྒྱ་ནག་ནང་གི་གནད་དོན་ཞིག་ཡིན་པར་བརྗོད་ཡོད་འདུག

ཉེ་ཆར་ཧོང་ཀོང་ནང་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་པར་བརྟེན། འཛམ་གླིང་མི་མང་གིས་དོ་སྣང་ཆེན་པོ་བྱས་ཡོད་པ་མ་ཟད། ཨ་རི་དང་། ཨོའུ་སུ་ཁྲི་ཡའི་ཡ། དབྱིན་ལན་སོགས་ཀྱིས་རྒྱབ་སྐྱོར་གྱི་རྣམ་འགྱུར་ཡང་ཤུགས་ཆེན་བསྟན་ཡོད་འདུག

ད་དུང་། ཐེ་ཝན་གྱི་སྲིད་འཛིན་ཚད་ཡི་ཝིང་གིས་ཁྲིའུ་ཁྲི་(Twitter)བརྒྱུད་ནས་ཧོང་ཀོང་མི་མང་ལ། ཁྱོད་ཚོ་ཁེར་རྐྱང་མིན། ཞེས་བཀོད་ཡོད་འདུག

གཞན་ཆབ་སྲིད་པ་དང་། མང་གཙོ་དོན་གཉེར་བ། རང་དབང་འཐབ་རྩོད་པ་སོགས་ཀྱིས་ཧོང་ཀོང་ནང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་བྱས་པར་རྒྱབ་སྐྱོར་ཡང་བྱས་ཡོད་འདུག

 

གསལ་བསྒྲགས་ཀྱི་ས་མིག