20
Sat, Jul

ཇོ་མོ་གླང་མའི་འཁྱགས་རོམ་ལྡབ་གཅིག་གིས་གཞུར་བཞིན་ཡོད་པར་བརྗོད་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༦་ཚེས་༢༡་ཉིན། ཉེ་ཆར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། གངས་རི་ཇོ་མོ་གླང་མའི་འཁྱགས་རོམ་ལོ་༤༠་ཡར་སྔོན་ལས་ལྡབ་གཅིག་གིས་གཞུར་བཞིན་ཡོད་པ་དང་། དེ་ནི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་འདུག གནམ་གཤིས་འགྱུར་ལྡོག་དེའི་དབང་གིས་མ་འོངས་པར་ཨ་ཤེ་ཡའི་མི་རྣམས་ལ་ཆུའི་དཀའ་ངལ་ཆེན་པོ་ཞིག་འཕྲད་ངེས་པར་བརྗོད་འདུག

དེ་ཡང་། ཉེ་ཆར་ཀོ་ལམ་པུ་མཐོ་སློབ་ཀྱི་ཚན་རིག་རུ་ཁག་གིས་གངས་རི་ཇོ་མོ་གླང་མའི་ཐོག་ལ་འཁོར་སྐོར་བཏང་ནས་ལྟ་ཞིབ་བྱེད་སྐབས། ཇོ་མོ་གླང་མའི་འཁྱགས་རོམ་སྔར་ལས་མགྱོགས་པོར་གཞུར་བཞིན་ཡོད་པ་རྟོགས་ཡོད་པར་མ་ཟད། སོ་ལྟ་འཁོར་སྐར་གྱིས་ཇོ་མོ་གླང་མའི་འཁྱགས་རོམ་གཞུར་བའི་པར་ཡང་གསལ་པོར་བརྒྱབ་ཡོད་འདུག

འཁོར་སྐར་དེ་ལ་སོ་ལྟ་འཁོར་སྐར་ཡང་ཟེར་ཞིང་། འཁོར་སྐོར་དེ་ནི་དེ་སྔོན་༡༩༥༠ཙམ་ནས་༡༩༩༠་ལོའི་བར་གྲང་དམག་རྒྱག་སྐབས། ཨ་རི་ཡིས་གནས་ཚུལ་མཁོ་སྒྲུབ་ཆེད་དུ་བེད་སྤྱོད་བཏང་མྱོང་བའི་འཁོར་སྐར་ཞིག་ཡིན་པ་དང་། ད་ཆར་ཨ་རིའི་ས་གཤིས་རིག་པའི་དཔྱད་ཞིབ་ཆེད་དུ་བེད་སྤྱོད་གཏོང་གི་ཡོད་འདུག

ཚན་རིག་པས་འཁོར་སྐར་བརྒྱུད་ནས་བརྟག་དཔྱད་བྱེད་སྐབས། གངས་རི་ཇོ་མོ་གླང་མའི་འཁྱགས་རོམ་ཧ་ཅང་མགྱོགས་པོར་གཞུར་བཞིན་ཡོད་པ་དང་། ༢༠༠༠ལོ་ནས་༢༠༡༦་བར་ལོ་རེར་ཆ་སྙོམས་ཀྱིས་གངས་རི་ཇོ་མོ་གླང་མའི་འཁྱགས་རོམ་ཊོན་ཐེར་འབུམ་༨་གཞུར་བཞིན་ཡོད་པར་འགྲེལ་བརྗོད་བྱས་འདུག་པར་མ་ཟད། ལོ་༤༠་སྔོན་ལས་ལྡབ་གཅིག་གིས་བཞུར་ཡོད་པའང་བརྗོད་འདུག

ཚན་རིག་པ་དང་། ས་གཤིས་རིག་པ། གནམ་གཤིས་རིག་པ་བཅས་ཀྱིས་འཁྱགས་རོམ་དེ་འདྲ་མགྱོགས་པོར་གཞུར་བའི་རྒྱུ་རྐྱེན་ཁ་ཤས་བཤད་ཡོད་པའི་ནང་དུ། ཀོ་ལམ་པུའི་ཚན་རིག་རུ་ཁག་གིས་དེ་ནི་གནམ་གཤིས་འགྱུར་ལྡོག་གམ་ཚ་དྲོད་འཕེལ་བའི་རྐྱེན་གྱིས་ཡིན་པར་བཤད་འདུག གཞན་ཁག་ཅིག་གིས་ཇོ་མོ་གླང་མའི་གཡས་གཡོན་ལ་བཟོ་གྲྭའི་འབག་བཙོག་གི་རྐྱེན་གྱིས་ཡིན་པར་ཡང་འགྲེལ་བརྗོད་བྱས་ཡོད་འདུག

དེ་ཡང་། ཚན་རིག་པས་གངས་རི་ཇོ་མོ་གླང་མའི་འཁྱགས་རོམ་གཞུར་བའི་མཇུག་འབྲས་ཀྱིས་ཨ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་ལ་ཤུགས་རྐྱེན་ཧ་ཅང་ཐེབས་ཀྱི་ཡོད་པར་བརྗོད་འདུག འཁྱགས་རོམ་གཞུར་བའི་རྐྱེན་གྱིས་དུས་ཡུན་ཐུང་ངུའི་ནང་། ས་ཁུལ་དེ་ཚོར་ཆུ་ལོག་གི་དཀའ་ངལ་ཡོང་སྲིད་པ་དང་། དུས་ཡུན་རིང་པོར། འཁྱམས་རོམ་གྱི་ཆུ་ལ་བརྟེན་ནས་འཚོ་སྡོད་བྱེད་བཞིན་ཡོད་པའི་མི་མང་ལ་ཐན་པ་འབྱུང་བའི་སྐབས་དཀའ་ངལ་ཤུགས་ཆེན་འཕྲད་སྲིད་པའང་བརྗོད་འདུག

དེ་བཞིན་གངས་རི་ཇོ་མོ་གླང་མའི་འཁྱམས་རོམ་གཞུར་བའི་རྐྱེན་གྱིས། ཨ་ཤེ་ཡའི་རྒྱུགས་ཆུ་མང་པོ་ཞིག་ག་ལེར་སྐམ་འགྲོ་བའམ་རྫོགས་འགྲོ་བའི་དབང་གིས། དེར་བརྟེན་ཡོད་པའི་མི་མང་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ལྷག་པར་དུ། ཐན་པ་འབྱུང་སྐབས་དཀའ་ངལ་ཤུགས་རྐྱེན་འཕྲད་རྒྱུ་ཡིན་པར་འགྲེལ་བརྗོད་བྱས་འདུག

 

གསལ་བསྒྲགས་ཀྱི་ས་མིག