20
Sat, Jul

ཧོང་ཀོང་གི་འགོ་ཁྲིད་ཁེར་རེ་ལམ་ལགས།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༦་ཚེས་༡༨ཉིན་སྤེལ། ཧོང་ཀོང་དུ་མི་མང་ས་ཡ་གཅིག་ལྷག་གིས་རྒྱ་གཞུང་ནས་བསྐོས་པའི་ཧོང་ཀོང་གི་འགོ་ཁྲིད་ཁེར་རེ་ལམ་སྲིད་དབང་ནས་རྩ་དགོངས་ཞུ་དགོས་པའི་ངོ་རྒོལ་བྱས་འདུག་ཅིང་། ན་གཞོན་མང་གཙོ་དོན་གཉེར་བ་སྐད་གྲགས་ཅན་ཇོ་སུ་ཧ་ཨོང་བཙོན་ནས་གློད་གྲོལ་བཏང་ཡོད་འདུག དེ་ནས་ཁོས་གལ་སྲིད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཆ་ཚང་ཕྱིར་འཐེན་དང་། འགོ་ཁྲིད་ཁེར་རེ་ལམ་སྲིད་དབང་ནས་རྩ་དགོངས་མ་ཞུས་ན། ངོ་རྒོལ་དེ་མུ་མཐུད་ནས་བྱ་རྒྱུ་ཡིན་པར་བསྒྲགས་འདུག

དེ་ཡང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བདུན་གཅིག་ལྷག་ཕྱིན་པའི་ཧོང་ཀོང་མི་མང་གིས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་ནས་འགྲོ་བཞིན་ཡོད་པ་དང་། ཁྲིམས་འཆར་དེ་ཡོངས་སུ་མེད་པ་མ་བཟོ་བར་དུ་ངོ་རྒོལ་བྱ་རྒྱུར་ཡིན་པར་བརྗོད་འདུག ངོ་རྒོལ་གྱི་བརྒྱུད་རིམ་ཁྲོད་ཉེན་རྟོག་པས་མི་མང་ལ་མིག་ཆུ་ཤོར་བའི་རྫས་མདའ་གཏོར་བ་དང་། མེ་མདའ་བརྒྱབ་ནས་མི་ཁ་ཤས་རྨས་ཡོད་ཀྱང་། སྲིད་གཞུང་ཕྱོགས་ནས་ཁྲིམས་འཆར་དེ་ད་དུང་མེད་པ་བཟོ་དང་མི་བཟོ་ཡི་སྐོར་གང་ཡང་བརྗོད་ཀྱིན་མེད་པ་རེད། དེའི་རྐྱེན་གྱིས་མི་མང་གིས་རྒྱ་གཞུང་གིས་བསྐོས་པའི་ཧོང་ཀོང་འགོ་ཁྲིད་ཁེར་རེ་ལམ་(Carrie lam) རྩ་དགོངས་ཞུ་དགོས་ངོ་རྒོལ་བྱེད་བཞིན་ཡོད་འདུག

གཞན་ཡང་། ངོ་རྒོལ་བ་ཞིག་གིས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེར་ངོ་རྒོལ་བྱེད་ཆེད་ཁང་བརྩེགས་མཐོ་པོ་ཞིག་གི་ཐོག་ཏུ་འཛེགས་ནས་ངོ་རྒོལ་བྱེད་སྐབས། ཁང་པ་དེ་ནས་མར་ཟགས་ཏེ་གྲོངས་ཡོད་འདུག

ཛ་དྲག་གི་གནས་སྟངས་དེའི་སྐབས། ཧོང་ཀོང་གཞུང་གིས་ན་གཞོན་མང་གཙོ་དོན་གཉེར་བ་སྐད་གྲགས་ཅན་ཇོ་སུ་ཧ་ཨོང་(Joshua Wong)ཁ་སང་གློད་གྲོལ་བཏང་ཡོད་ཅིང་། ཁོ་ནི། ༢༠༡༤ལོར་ཉི་གདུགས་ལས་འགུལ་ཀྱི་འགོ་ཁྲིད་མཁན་ཡིན་འདུག དངོས་གནས་བྱས་ན། ཁོ་རང་ལ་ཟླ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། བཙོན་འཇུག་དུས་ཡུན་མ་རྫོགས་གོང་ནས་གློད་ཡོད་འདུག དེ་ཡང་ཁོ་རང་ཟླ་གཅིག་ཙམ་ལ་མ་གཏོགས་བཙོན་ནས་འདུག་དགོས་ཁེལ་མི་འདུག

ཁོ་བཙོན་ནས་གློད་གྲོལ་བཏང་རྗེས། ཁོས་གསར་འགོད་པ་ཚོར། མང་ཚོགས་རང་བཞིན་གྱི་ངོ་རྒོལ་ལས་འགུལ་འདི་ནི་རང་དབང་དང་མང་གཙོའི་ཆེད་དུ་འཐབ་རྩོད་བྱེད་པའི་དངོས་གནས་དུས་ཚོད་ཡག་ཤོས་ཤིག་རེད། ལོ་ལྔ་ཡི་སྔོན་དུ་ཉི་གདུགས་ལས་འགུལ་མཚམས་འཇོག་སྐབས། ང་ཚོའི་ལས་འགུལ་དེ་ཡང་བསྐྱར་ཡོང་གི་རེད་ཅེས་བརྗོད་ཡོད། ད་ཐེངས་མི་མང་ས་ཡ་གཉིས་ལྷག་གིས་སྲང་ལམ་དུ་ཐོན་ནས་ངོ་རྒོལ་བྱས་པ་རེད། ཧོང་ཀོང་མི་མང་ཚོས་འདི་ནི་ཡུན་རིང་བའི་འཐབ་རྩོད་ཞིག་ཡིན་པ་ངོས་བཟུང་ཡོད་ཅེས་དང་།

ཧོང་ཀོང་མི་མང་ཚོས་རྒྱ་གཞུང་གིས་བསྐོས་པའི་འགོ་ཁྲིད་རྩ་དགོངས་ཞུ་དགོས་པའི་ངོ་རྒོལ་བྱེད་བཞིན་ཡོད་པ་རེད། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་མི་མང་ས་ཡ་གཅིག་ལྷག་གིས་ཉེས་ཅན་རྩིས་སྤྲོེད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་བྱས་ཀྱང་། འགོ་ཁྲིད་ཁེར་རེ་ལམ་གྱིས་ཁྲིམས་འཆར་དེ་མེད་པར་མ་བཟོ་པར་གནས་སྐབས་རིང་མཚམས་འཇོག་བྱས་པ་རེད། ཁོ་མོས་མི་མང་གི་མངོན་འདོད་ལ་མ་ལྟོས་པར་རྒྱ་གཞུང་གི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས་རྐྱེན། མི་མང་གིས་དེ་ལྟར་ངོ་རྒོལ་བྱས་པ་རེད། ཅེས་བརྗོད་འདུག

ཇོ་སུ་ཧ་ཨོང་གིས་བརྗོད་དོན། གལ་སྲིད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཆ་ཚང་ཕྱིར་འཐེན་དང་། འགོ་ཁྲིད་ཁེར་རེ་ལམ་སྲིད་དབང་ནས་རྩ་དགོངས་མ་ཞུས་ན། ངོ་རྒོལ་དེ་མུ་མཐུད་ནས་བྱེད་རྒྱུ་དང་། ཁྱད་པར་དུ། ཡོང་ལ་ཉེ་བའི་ཟླ་༧ཚེས་༡་ནི། དབྱིན་ཇི་ཡིས་ཧོང་ཀོང་རྒྱ་གཞུང་ལ་རྩིས་སྤྲད་པའི་ཉིན་མོ་ཡིན་པས། མང་གཙོ་ལས་འགུལ་སྤེལ་བའི་ཉིན་གལ་ཆེན་ཞིག་ཆགས་ཡོད། ཅེས་བརྗོད་འདུག

ཁོ་བཙོན་ཁང་ནས་ཐོན་རྗེས། ཁོའི་ཁྲིའུ་ཁྲུ་(Twitter) བརྒྱུད་ནས་འདི་ལྟར་བྲིས་འདུག འཛམ་གླིང་ལགས། རང་དབང་ལགས། ང་ད་ལྟ་རང་བཙོན་ནས་གློད་གྲོལ་ཐོབ་བྱུང་། ཧོང་ཀོང་མི་མང་ཡར་ལོངས་ཤོག ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་བྱེད་དགོས། ཁེར་རེ་ལམ་སྲིད་དབང་ནས་འབབ་དགོས། ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས། ཞེས་བཀོད་འདུག

གསལ་བསྒྲགས་ཀྱི་ས་མིག