19
Fri, Apr

ཨ་རིས་རྒྱ་ནག་གི་ཚོང་རྫས་ཀྱི་དཔྱ་ཁྲལ་སྤར་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༥བའི་༧ཉིན་སྤེལ། ཨ་རི་དང་རྒྱ་ནག་གཉིས་ཀྱི་ཆེས་མཐོ་བའི་ཚོང་ལས་གྲོས་མོལ་དེ་མགྱོགས་མྱུར་ངང་འཚོགས་གྲབས་ཡོད་ཀྱང་། ཟླ་འདིའི་ཚེས་༥ཉིན་ཨ་རིའི་སྲིད་འཛིན་ཊོམ་པུ་ཡིས་གློ་བུར་དུ་རྒྱ་ནག་གི་ཚོང་རྫས་ཀྱི་དཔྱ་ཁྲལ་སྤར་རྒྱུ་ཡིན་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་། དེར་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་གྱི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་འདུག

དེ་ཡང་། ཟླ་འདི་ཚེས་༥་སྟེ་རེ་གཟའ་ཉི་མ་ཉིན། ཨ་རིའི་སྲིད་འཛིན་ཊོམ་པུ་ཡིས་ཟླ་འདིའི་ཚེས་༡༠ཉིན་ལ་ཨ་སྒོར་དུང་ཕྱུར་༢༠༠༠ གི་རྒྱ་ནག་གི་ཚོང་རྫས་ཀྱི་དཔྱ་ཁྲལ་དེ་བརྒྱ་ཆའི་བཅུ་ནས་ཉེར་ལྔའི་བར་སྤར་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པར་མ་ཟད། ད་དུང་ཨ་སྒོར་དུང་ཕྱུར་༣༢༥༠ ཡི་རྒྱ་ནག་གི་ཚོང་རྫས་ཀྱི་དཔྱ་ཁྲལ་གྱི་ཐད་ལའང་འཇིགས་སྣང་སྐུལ་ཡོད་འདུག ཊོམ་པུའི་གསལ་བསྒྲགས་སྤེལ་དོན་དེར། ཨ་རིའི་ཕོ་བྲང་དཀར་པོའི་དཔལ་འབྱོར་སློབ་སྟོན་པས་ཀྱང་དེ་ནི་དགོས་ངེས་ཤིག་དང་ཕན་ཐོགས་ལྡན་པ་ཞིག་རེད་ཅེས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་འདུག

སྤྱིར་ཐེངས་འདིའི་ཨ་རིའི་སྲིད་འཛིན་ཊོམ་པུ་ཡིས་རྒྱ་ནག་གི་ཚོང་རྫས་ཀྱི་དཔྱ་ཁྲལ་སྤར་བའི་འཆར་གཞི་འདི་ནི། འདི་ལོའི་སྤྱི་ཟླ་དང་པོའི་ཚེས་དང་པོ་ནས་ལག་བསྟར་བྱས་ཡོད། ཡིན་ནའང་ན་ནིང་སྤྱི་ཟླ་བཅུ་གཉིས་པའི་ནང་དུ། ཨ་རི་དང་རྒྱ་ནག་གཉིས་ཀས་ཕན་ཚུན་ལ་ཚོང་དམག་མི་རྒྱག་རྒྱུའི་ཁས་ལེན་བྱས་ཏེ་ཕན་ཚུན་ལ་ཚོས་ལས་ཀྱི་གྲོས་མོལ་བྱས་ཡོད། དེ་ལྟར་འདས་པའི་ཟླ་ཤས་ཀྱི་རིང་ལ་རྒྱ་ནག་གི་ཚོང་རྫས་ཀྱི་དཔྱ་ཁྲལ་བརྒྱ་ཆའི་བཅུ་ཡིན་པའི་ཐོག་ནས་གྲོས་འཆམ་བྱུང་སྟེ། རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ཅུང་ཡག་པོ་བྱུང་འདུག་མོད། འོན་ཀྱང་། དེང་སྐབས་གློ་བུར་དུ་ཨ་རིའི་སྲིད་ཊོམ་པུའི་རྣམ་འགྱུར་ལ་འགྱུར་བ་ཐེབས་ཏེ། རྒྱ་ནག་གི་ཚོང་རྫས་ཀྱི་དཔྱ་ཁྲལ་སྤར་རྒྱུ་ཡིན་སྐོར་བརྗོད་འདུག དེ་ཡང་ཁོས་བརྗོད་རྒྱུར། ཨ་རི་དང་རྒྱ་ནག་གི་ཚོང་ལས་ཀྱི་གྲོས་མོལ་ཧ་ཅང་དལ་མོ་རེད། དེའི་རྒྱུ་མཚན་ནི་རྒྱ་ནག་གི་ཕྱོགས་ནས་དམིགས་ཡུལ་ངན་པ་འཛིན་གྱི་འདུག་ཅེས་དང་། ཡང་ཁོ་རང་གིས། རྒྱ་ནག་གིས་དྲ་ལམ་ནས་ཨ་རིའི་ཚོས་ལས་དང་འབྲེལ་བའི་ཡིག་ཆ་སོགས་ལ་གནོད་སྐྱེལ་བ་དང་རྐུ་བཞིན་འདུག་ཅེས་ཀྱང་བརྗོད་འདུག

དེ་ནས་དབྱེ་ཞིབ་པ་འགའ་ཤས་ཀྱིས། ཊོམ་པུ་ཡིས་དེ་ལྟར་གསལ་བསྒྲགས་སྤེལ་དོན་ནི། གཅིག་ནས་ཁོས་བརྗོད་པ་ལྟར་རྒྱ་ནག་གི་ཕྱོགས་ནས་དམིགས་ཡུལ་ངན་པ་འཛིན་གྱི་ཡོད་པ་དེ་ཡིན་སྲིད་ཅིང་། དེ་ལས་ཀྱང་གཙོ་བོའི་རྒྱུ་མཚན་གཅིག་ནི་ཉེ་ཆར་ཨ་རིའི་དཔལ་འབྱོར་གྱི་གནས་སྟངས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས་ཡིན་སྲིད་སྐོར་བརྗོད་ཀྱིན་འདུག

ཨ་རིའི་སྲིད་འཛིན་གྱིས་དེ་ལྟར་གསལ་བསྒྲགས་སྤེལ་བ་ན། རྒྱ་ནག་ཕྱོགས་ནས་ཨ་རི་ཡིས་རྒྱལ་ཁབ་གཉིས་ཀྱིས་ཁེ་ཕན་ལ་བརྩེ་བཀུར་བྱེད་པའི་རྨང་གཞིའི་ཐོག་ནས་རྒྱ་ནག་དང་མཉམ་འབྲེལ་བྱེད་དགོས་སྐོར་དང་། དེ་ལྟར་བྱས་ན། རྒྱ་ནག་དང་། ཨ་རི། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱི་ཁེ་ཕན་ལ་ཕན་ཐོགས་ཡོད་སྐོར་བཅས་ཚེས་དྲུག་ཉིན། རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པས་བརྗོད་འདུག་ཅིང་། ད་དུང་། རྒྱ་ནག་གཞུང་གི་ཚགས་ཤོག་གོ་ལའི་དུས་བབ་ཅེས་པའི་རྩོམ་སྒྲིག་པས་ཨ་རིའི་སྲིད་འཛིན་གྱི་གསལ་བསྒྲགས་དེའི་སྐོར་ལ་འདི་ལྟར་བརྗོད་དོན། ཊོམ་པུ་ཡིས་དཔྱ་ཁྲལ་གྱི་འཁོར་སྐྱོད་ཇི་ལྟར་འགྲོ་བཞིན་ཡོད་པ་ཤེས་ཀྱི་མི་འདུག་ལ། ཁོས་བསམ་པར། དེ་ལྟར་འཇིགས་སྐུལ་བྱས་ཚེ། རྒྱ་ནག་གི་མགྲིན་ཚབ་པ་ཨ་རིར་ཚོང་ལས་གྲོས་མོལ་བྱེད་དུ་ཡོང་མི་ཐུབ་པར་འདོད་ཀྱི་ཡོད་པ་འདྲ། ཊོམ་པུ་ཡིས་དཔྱ་ཁྲལ་སྤར་དུ་བཅུག ང་ཚོས་ཚོང་ལས་གྲོས་མོལ་ག་དུས་བསྐྱར་གསོ་བྱེད་ཐུབ་མིན་ལ་བལྟ། ཞེས་བརྗོད་འདུག

སྤྱིར་ཨ་རི་དང་རྒྱ་ནག་གི་མགྲིན་ཚབ་པས་ཐེངས་བཅུ་ལ་ཚོང་ལས་ཀྱི་གྲོས་མོལ་བྱས་ཤིང་། མགྱོགས་པོར་ཐེངས་བཅུ་གཅིག་པའི་ཚོས་ལས་གྲོས་མོལ་དེ་ཨ་རི་ནས་འཚོག་འཆར་ཡོད་པར་མ་ཟད། ཐེངས་འདིར་རྒྱ་ནག་གི་ཕྱོགས་ནས་གཞུང་ཞབས་བརྒྱ་ཐམ་པ་མགྲིན་ཚབ་པ་དང་ལྷན་ཡོང་འཆར་ཡོད་འདུག་ལ། ཕལ་ཆེར་ཐེངས་འདིའི་ཚོང་ལས་གྲོས་མོལ་ནི་ཆེས་མཐའ་མ་དེར་ཡང་ངོས་འཛིན་བྱེད་ཀྱི་ཡོད་འདུག འོན་ཀྱང་། ཨ་རིའི་སྲིད་འཛིན་ཊོམ་པུ་ཡིས་དེ་ལྟར་གསལ་བསྒྲགས་སྤེལ་བར་བརྟེན། ཐེངས་འདིའི་རྒྱལ་ཁབ་གཉིས་ཀྱི་ཚོང་ལས་གྲོས་མོལ་དེ་འཚོགས་ཐུབ་མིན་དང་མཇུག་འབྲས་ཅི་འབྱུང་ཤེས་ཀྱི་མི་འདུག གང་ལྟར། ཊོམ་པུས་དེ་ལྟར་གསལ་བསྒྲགས་སྤེལ་རྗེས། རྒྱ་ནག་གི་ཚོང་རའི་མ་རྐང་དང་དངུལ་གྱི་མཛའ་སོགས་ལ་མངོན་གསལ་དོད་པས་ཤུགས་རྐྱེན་ཐེབས་མགོ་བརྩམས་ཡོད་པར་ན་ཟད། རྒྱལ་སྤྱིའི་ཁྲོམ་རར་ཡང་ཤུགས་རྐྱེན་ཐེབས་མགོ་མརྩམས་ཡོད་འདུག