19
Fri, Apr

༢༠༡༩ལོའི་ཟླ་༣་ཚེས་༢༥་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཧྥི་རན་སི་ནང་ཞི་ཅིང་ཕིང་ལ་ངོ་རྒོལ་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༣་ཚེས་༢༦ཉིན། རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་ཡོ་རབ་རྒྱལ་ཁབ་ཧྥ་རན་སིར་སླེབས་བ་དང་སྟབས་བསྟུན་ནས་བོད་མི་དང་ཡུ་གུར་བ། བོད་དོན་རྒྱལ་སྐྱོར་བ་སྟོང་ཕྲག་ཁ་ཤས་ཤིག་གིས་བོད་ལ་རང་དབང་དགོས། འགྲོ་བ་མིའི་ཐོབ་ཐང་དགོས། བོད་བདེན་མཐའ་མྱུར་དུ་སེལ་དགོས་ཞེས་འབོད་ཚིག་སྒྲོག་ནས་ངོ་རྒོལ་བྱས་འདུག

དེ་ཡང་། རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་ཟླ་འདིའི་ཚེས་༢༤ནས་ཡོ་རབ་རྒྱལ་ཁབ་ཨེ་ཊ་ལིའི་ནང་ཚོང་འབྲེལ་ཆེད་སྐོར་ཕྱིན་ཡོད་པ་དང་། དེ་ནས་ཚེས་༢༥་ནང་༢༦་ཉིན་གཉིས་ལ་ཧྥ་རན་སི་ནང་ཡོང་ནས་སྲིད་འཛིན་མར་ཁི་རོན་མཇལ་འཕྲད་གནང་ཡོད་འདུག ཁོ་ཚོས་ཚོང་འབྲེལ་ཡར་རྒྱས་དང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་སྐོར་ལ་གྲོས་བསྡུ་བྱས་ཡོད་འདུག

སྐབས་འདིར། ཧྥ་རན་སིའི་རྒྱལ་ས་པད་རི་སིར་བོད་མི་དང་ཡུ་གུ་བ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་ཁ་ཤས་ཤིག་མཉམ་འཛོམས་བྱས་ནས་རྒྱ་དམར་སྲིད་འཛིན་ཞི་ཅིང་ཕིང་ཧྥ་རན་ལ་ཡོང་བ་དང་བསྟུན་ཞི་བའི་ངོ་རྒོལ་ཤུགས་ཆེན་བྱས་ཡོད་འདུག

ཁོ་ཚོའི་བསྒྲགས་གཏམ་ནི། བོད་ནི་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་ཡིན། རྒྱ་ནག་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱས་ནས་བོད་མིའི་རང་དབང་དང་ཐོབ་ཐང་རྩོད་ལེན་གྱི་ཞི་བའི་འཐབ་རྩོད་རྒྱུན་ཆད་མྱོང་མེད། ལྷག་པར་དུ། ཉེ་བའི་ལོ་འགའི་རིང་བོད་དོན་བདེན་མཐའ་སེལ་ཆེད་རང་ལུས་མེར་བསྲེགས་པ་བརྒྱ་དང་ལྔ་བཅུ་ལྷག་བྱུང་ཡོད་པ་འདིས་གསལ་བོ་མཚོན་ཐུབ། གལ་ཏེ། ད་དུང་ཡང་བོད་ཡོངས་ལ་གཅིག་གྱུར་གྱི་རང་སྐྱོར་ཚད་ལྡན་ཞིག་མ་སྤྲད་ན། བོད་མི་ཚོ་བོད་རང་བཙན་བསྐྱར་གསོའི་ལམ་ལ་འགྲོ་ངེས་ཡིན། དེ་བས་བོད་ཀྱི་གནད་དོན་གང་མྱུར་ཐག་གཅོད་བྱེད་དགོས། ༸སྐྱབས་མགོན་ཏྭ་ལིའི་བླ་མ་མཆོག་དང་མཇལ་འཕྲད་གནང་དགོས། དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་འཛམ་གླིང་མི་མང་ང་ཚོའི་རྒྱབ་རྩར་ལོངས་ཤོག བདེན་དོན་རྣམ་པར་རྒྱལ་བར་ཤོག དགོས་དོན་བཏོན་འདུག

འབོད་ཚིག་གཞན་པའི་ནང་དུ། ཞི་ཅིང་ཕིང་ལ་སྤོབས་པ་ཡོད་ན། ༸སྐྱབས་མགོན་ཏྭ་ལའི་བླ་མ་མཆོག་འཕྲད་གནང་དགོས། བོད་ཀྱི་གནད་དོན་མྱུར་དུ་ཐག་གཅོད་བྱེད་དགོས། རྒྱ་ནག་ལ་རང་དབང་མེད། འགྲོ་བ་མིའི་ཐོབ་ཐང་ཀྱང་མེད། དམངས་གཙོ་དེ་བས་ཀྱང་མེད། བོད་ལ་རང་དབང་དགོས། འགྲོ་བ་མིའི་ཐོབ་ཐང་དགོས། བོད་ཡོངས་རྫོགས་ལ་གཅིག་གྱུར་གྱི་རང་སྐྱོང་ཚད་ལྡན་ཞིག་དགོས་ཞེས་བཀོད་འདུག