22
Fri, Mar
40 New Articles

རྒྱ་ནག་གིས་མིའི་ངོ་གདོང་འཛིན་ཐུབ་པའི་འཕྲུལ་ཆས་བཟོས་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༣་ཚེས་༧ ཉིན་སྤེལ། རྒྱ་ནག་གིས་འགྲོ་ལམ་གྱི་ཁྲིམས་ལུགས་ལ་མི་རྩིས་བའི་མི་དང་ཁྲིམས་འགལ་ལས་ཀ་བྱེད་མཁན་ཚོར་དམིགས་ནས་མིའི་ངོ་གདོང་འཛིན་ཐུབ་པའི་འཕྲུལ་ཆས་བཟོས་ཡོད་པ་དང་། འཕྲུལ་ཆས་དེ་ནི་བེད་སྤྱོད་འདྲ་མིན་ཐོག་གཏོང་བཞིན་ཡོད་པ་མི་ཚོས་སེམས་ཁྲལ་བྱེད་དགོས་པའི་གནས་ཚུལ་ཞིག་ཆགས་འདུག ལྷག་པར་དུ་བོད་ནང་ལྟ་བུར་མཚོན་ན་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཚེ་འཛིན་བཟུང་བྱེད་ཆོག་ཆོག་ཡིན་འདུག

དེ་ཡང་། རྒྱ་ནག་ནི་འཛམ་གླིང་ནང་གི་ངོ་གདོང་འཛིན་ཐུབ་པའི་འཕྲུལ་ཆས་མང་ཤོས་དང་གསང་ཞིབ་མྱུལ་ལྟའི་པར་ཆས་ཡོད་པའི་རྒྱལ་ཁབ་དེ་ཡིན་འདུག ཧྲང་ཧེ་གསར་འགྱུར་ཉམས་ཞིབ་པ་ལྕམ་ཇ་ནེ་ཝོང་གིས་བརྗོད་གསལ། ཁྲོམ་དུ་མི་རྐང་ཐང་དུ་འགྲོ་བཞིན་ཡོད་རུང་། ཡང་ན་རྐང་འཁོར་བཞོན་ནས་འགྲོ་བཞིན་ཡོད་རུང་། མི་དེའི་ངོ་གདོང་པར་རྒྱག་གི་ཡོད་འདུག གལ་སྲིད་མི་དེས་ཁྲིམས་འགལ་ལས་ཀ་བྱས་ཡོད་ན་མི་དེའི་གདོང་པའི་གཡས་གཡོན་དུ་ཡོད་པའི་གློག་བརྙན་གྱི་ནང་ཤར་བཅུག་ནས་ངོ་ཚ་སྤྲོད་ཀྱི་ཡོད་འདུག གལ་སྲིད་མི་དེའི་ཁ་པ་གཞུང་གི་ལས་ཁུངས་ཁག་དང་མཐུད་ཡོད་ན། དེ་རྒྱུད་ནས་མི་དེའི་ངོ་རྟགས་དང་ལོ་རྒྱུས་སོགས་ཚང་མ་རྟོགས་ཀྱི་ཡོད་འདུག་ཅིང་། མི་དེའི་ཁ་པར་ནང་ལམ་སང་ཉེན་རྟོག་པའི་འཕྲིན་ཐུང་ཡང་འབྱོར་བཞིན་ཡོད་འདུག

རྒྱ་ནག་ནང་གསང་ཞིབ་མྱུལ་ལྟའི་པར་ཆས་ས་ཡ་༢༠༠་ཙམ་ཡོད་པ་དང་། དེ་ཚོས་མི་ཐེར་འབུམ་གཅིག་ལྷག་གི་ངོ་གདོང་འཛིན་པ་དང་རྗེས་འདེད་གཏོང་ཐུབ་ཀྱི་ཡོད་འདུག རྒྱ་ནག་ནང་འཕྲུལ་ཆས་ཡར་རྒྱས་ཕྱིན་ནས་མི་མང་པོའི་འཚོ་བར་སྟབས་བདེ་བཟོས་ཡོད་རུང་། མི་སྒེར་ཀྱི་གནས་ཚུལ་ཕྱིར་སྟོན་པ་དེ་སེམས་ཁུར་བྱེད་དགོས་པ་ཞིག་ཆགས་ཡོད་འདུག གཞན་ཡང་། ཉེན་རྟོག་པ་ཚོས་ངོ་གདོང་འཛིན་ཐུབ་པའི་འཕྲུལ་ཆས་བེད་སྤྱོད་གཏོང་བཞིན་ཡོད་པ་དང་། དེ་ནི་མི་འཛིན་པའི་ལག་ཆ་ཞིག་ཏུ་གྱུར་སྲིད་པར་བརྗོད་འདུག

གཞན་ཡང་། ཚོང་ཁང་དང་གསང་སྤྱོད་གཙང་ཤོག་ཐོག་སའི་ལྕགས་ཁབ་ཐོག་ལའང་ངོ་གདོང་་འཛིན་ཐུབ་པའི་འཕྲུལ་ཆས་ཡོད་འདུག ཚོང་ཁང་ནང་འགྲོ་དུས་མི་དེའི་པར་དང་མིང་སོགས་ངེས་པར་དུ་ཐོ་འགོད་དགོས་ཀྱི་ཡོད་འདུག ཐེངས་རྗེས་མར་འགྲོ་སྐབས་མི་དེས་པར་ཆས་ལ་ལྟ་སྐབས་ཚོང་ཁང་གི་སྒོ་རང་བཞིན་གྱི་ཕྱེ་ཡི་ཡོད་འདུག

གསང་ཞིབ་མྱུལ་ལྟ་པར་ཆས་ཀྱིས་མཚམས་མཚམས་སུ་མིའི་ངོ་གདོང་འཛིན་ནོར་བྱེད་ཀྱི་ཡོད་འདུག ཐེངས་གཅིག་ཧྲང་ཧེ་གྲོང་ཁྱེར་གྱི་སྲང་ལམ་ཞིག་ཏུ་ཚོང་པ་ཆེན་པོ་ཞིག་རྐུན་མ་ཞིག་ལ་ངོ་འཛིན་བྱས་ནས་རྙོག་དྲ་བཟོས་ཡོད་འདུག

མ་འོངས་ལོ་གཉིས་ཀྱི་ནང་རྒྱ་ནག་གི་ཉེན་རྟོག་པས་ཨ་སྒོར་ཐེར་འབུམ་༣༠་བཏང་ནས། གསང་ཞིབ་མྱུལ་ལྟའི་པར་ཆས་ཀྱི་ཁ་གྲངས་ས་ཡ་༤༠༠་ཡིས་མང་རུ་གཏོང་འཆར་ཡོད་པ་དང་། ངོ་གདོང་འཛིན་པའི་འཕྲུལ་ཆས་ཀྱང་མང་དུ་གཏོང་རྒྱུ་ཡིན་འདུག

གསང་ཞིབ་མྱུལ་ལྟའི་པར་ཆས་མང་དྲག་པས་མི་ཚོ་གང་དུ་འགྲོ་ཡི་ཡོད་པ་དང་། ག་རེ་ཟ་ཡི་ཡོད་པ། ག་རེ་ཉོ་ཡི་ཡོད་པ་སོགས་ཉེན་རྟོག་པས་ཧ་གོ་ཡི་ཡོད་དུས། རང་ཉིད་རྗེས་སུ་དམིགས་བསལ་ལྟ་ཞིབ་བྱེད་མཁན་ཞིག་ཡོད་པ་ལྟ་བུའི་ཚོར་བ་སླེབས་བཞིན་འདུག་པས་། དེ་ནི་མི་སྒེར་གྱི་འཚོ་བར་ཐེ་གཏོགས་བྱེད་དྲག་འདུག་ཅེས་ཝོང་གིས་བརྗོད་འདུག རྒྱ་ནག་ལ་སྒེར་གྱི་གནས་ཚུལ་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་མེད་པ་རེད།

ཁྱེད་ས་ཆ་གང་དུ་ཡང་བྲོས་ས་མེད། ཐ་ན་ས་ཆ་ཐར་ཐོར་ཡོད་པའི་ཡུ་གུར་ལྟ་བུར་མཚོན་ན་ཡང་། རྒྱ་གཞུང་གིས་ཚེ་ཐར་གཏོང་གི་མ་རེད། འདི་ནི་དེ་རིང་གི་དངོས་ཡོད་ཀྱི་རྒྱ་ནག་རེད། ཡང་ན། འདི་ནི་དེ་རིང་གི་རྒྱ་ནག་གི་དངོས་ཡོད་རེད།

 

གསལ་བསྒྲགས་ཀྱི་ས་མིག