20
Wed, Feb
18 New Articles

༢༠༡༩ལོའི་ཟླ་༢ཚེས་༦ཉིན། སྲིད་སྐྱོང་མཆོག་ལྷོ་ཨ་ཧྥི་རི་ཁའི་ནང་བོད་དོན་རྒྱབ་སྐྱོར་བ་དང་མཇལ་འཕྲད་གནང་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༢ཚེས་༡༡་ཉིན་སྤེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལྷོ་ཨ་ཧྥི་རི་ཁའི་ནང་གཞུང་འབྲེལ་མཚམས་གཟིགས་ཕེབས་ཡོད་པ་དང་། སྐབས་དེར། སྲིད་སྐྱོང་མཆོག་གིས་བོད་ཀྱི་ཛ་དྲག་གི་གནས་སྟངས་སྐོར་དང་། བོད་མི་རང་ལུས་མེར་བསྲེག་གནང་མཁན་ཚོས་བོད་ལ་རང་དབང་དགོས་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་སྐོར་བཅས་གསུངས་འདུག

དེ་ཡང་། སྲིད་སྐྱོང་མཆོག་སྲིད་འཛིན་ཟུར་པ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཌི་ཀ་ལག་Mr F W de Klerk མཆོག་གི་ཐེབས་རྩ་ཁང་དུ་ཕེབས་ཏེ་སྲིད་འཛིན་ཟུར་པ་ཁོང་དང་མཇལ་འཕྲད་གནང་འདུག སྐབས་དེར་དབུ་ཁྲིད་རྣམ་གཉིས་དབར་ཕྱག་རྟགས་བརྗེ་ལེན་གནང་བར་མ་ཟད། ད་ལྟའི་རྒྱ་ནག་གི་དབང་སྒྱུར་འོག་བོད་ནང་གི་ཛ་དྲག་གི་གནས་སྟངས་གཙོས་གནད་དོན་ཁག་གཅིག་སྐོར་ལ་གོ་བསྡུར་གནང་འདུག སྲིད་འཛིན་ཟུར་པ་མཆོག་ནས་སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས། བོད་མི་རྣམས་ཀྱིས་རང་དབང་དོན་གཉེར་གྱི་མངོན་འདོད་ལ་རྒྱབ་སྐྱོར་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་ཕྱི་ལོ་༢༠༠༩ནས་བཟུང་ད་བར་བོད་མི་༡༥༣ལྷག་གིས་རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གི་གནས་སྟངས་ལས་ད་ལྟའི་བོད་ནང་དུ་ཆབ་སྲིད་ཀྱི་དམ་དྲག་ཇི་ཙམ་ཡོད་མེད་ཚོད་དཔག་བྱེད་ཐུབ་པ་དང་། བོད་མི་དེ་དག་གིས་རང་སྲེག་གནང་སྐབས་བོད་ལ་རང་དབང་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་སྐོར་སྲིད་འཛིན་མཆོག་ལ་གསུངས།

སྲིད་སྐྱོང་མཆོག་ནི་ཟླ་༢ཚེས་༥ནས་༩བར་ཡུལ་དེའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ཚོ་དང་མཇལ་འཕྲད་གནང་ནས་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུགས་སྔར་བས་ཇེ་ཆེར་གཏོང་ཐབས་གནང་བ་དང་། ལྷག་པར་ཤེས་ལྡན་མི་སྣ་དང་གསར་འགོད་པ།བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་དང་མཇལ་འཕྲད་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་ཡོད་འདུག

ལྷོ་ཨ་ཧྥི་རི་ཁའི་རྒྱལ་སར་རྟེན་གཞི་བྱས་ཡོད་པའི་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨིན་ཁ་ཏ་རང་དབང་ཚོགས་པས་(Inkatha Freedom Party)་སྲིད་སྐྱོང་མཆོག་ལ་སྣེ་ལེན་གཟབ་རྒྱས་ཞུས་ནས་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོ་དེའི་ཐོག་ལྷོ་ཨ་ཧྥི་རི་ཁའི་ཨིན་ཁ་ཏ་རང་དབང་ཚོགས་པའི་(Inkatha Freedom Party)་འགོ་ཁྲིད་ཀྱིས་སྲིད་སྐྱོང་མཆོག་ལ་ཡུལ་དེའི་ནང་ཕེབས་པ་དགའ་བསུ་ཞུས་པ་དང་སྦྲགས། ཁོང་གིས་གསུང་དོན། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནི་བོད་མི་ས་ཡ་དྲུག་གི་མངོན་འདོད་ཀྱི་སྐུ་ཚབ་ཡིན་པ་དང་། སྲིད་སྐྱོང་མཆོག་ཐེངས་འདིར་ཡུལ་དེར་ཕེབས་ནས་མང་གཙོ་དང་རང་དབང་། དེ་བཞིན་ཞི་བདེ་སོགས་ཀྱི་སྐོར་བགྲོ་གླེང་གནང་ཆོག་པ་དང་། ཁྱེད་ཀྱིས་ང་ཚོའི་བཅའ་ཁྲིམས་ནང་གི་ལམ་ལུགས་དང་རིན་ཐང་རྣམས་དྲན་གསོ་གནང་སོང་ཅེས་དང་།

ཁོང་གིས་མུ་མཐུད་ནས་བོད་མི་དང་ལྷོ་ཨ་ཧྥི་རི་ཁ་མི་རིགས་ཀྱིས་ཐུན་མོང་གི་རིན་ཐང་མཉམ་སྤྱོད་དང་མང་གཙོ་གཅེས་འཛིན་བྱེད་ཀྱི་ཡོད་པ་དང་། དམིགས་ཡུལ་དེ་དག་སྒྲུབ་པར་མུ་མཐུད་ནས་ལས་དོན་སྒྲུབ་དགོས་པ་གསུངས་འདུག

ཁོང་གིས་རྒྱལ་སྤྱིའི་ཚོགས་པ་ཁག་གིས་ལྷོ་ཨ་ཧྥི་རི་ཁའི་འཐབ་རྩོད་ལ་ཇི་ལྟར་རྒྱབ་སྐྱོར་བྱས་པ་བཞིན་བོད་དོན་ལའང་དེ་ལྟར་བྱེད་དགོས་པའི་འབོད་སྐུལ་བྱས་འདུག གཞན་ཡང་། ལྷོ་ཨ་ཧྥི་རི་ཁའི་མི་མང་རྣམས་ཀྱིས་བོད་དོན་སྐོར་རྟོགས་དགོས་པ་དང་། ༸གོང་ས་མཆོག་ཐེངས་གསུམ་ལ་ལྷོ་ཨ་ཧྥི་རི་ཁའི་ནང་ཕེབས་ཐུབ་མེད་པའི་གནད་དོན་དེ་ཁོང་གིས་ཁྲིམས་ཁང་དུ་སྐྱེལ་ཡོད་པ་། ཡུལ་དེའི་མི་མང་རྣམས་ཀྱིས་བོད་དོན་རྟོགས་ཐུབ་ཀྱི་མེད་པ་བཅས་གསུངས་འདུག

གསལ་བསྒྲགས་ཀྱི་ས་མིག