24
Sun, Mar
37 New Articles

༢༠༡༩ལོའི་ཟླ་༡ཚེས་༢ཉིན་རྒྱ་གར་གྱི་བུད་མེད་ས་ཡ་མང་པོས་བུད་མེད་ལྷ་ཁང་ནང་འཛུལ་མི་ཆོག་པར་ངོ་རྒོལ་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༡ཚེས་༢ཉིན། རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀེ་རི་ལ་ནང་བུད་མེད་ས་ཡ་མང་པོས་སྤྱི་ལེ་༦༢༠་ཡོད་པའི་མིའི་བང་སྒྲིག་གི་སྒྲོག་ཞིག་བཟོས་ནས། ཧིན་རྡུའི་ལྷ་ཁང་ནང་བུད་མེད་འགྲོ་མི་ཆོག་པར་ངོ་རྒོལ་བྱས་ཡོད་འདུག་ཅིང་། དེ་ནི་ཕོ་མོ་འདྲ་མཉམ་ལ་རྒྱབ་སྐྱོར་བྱེད་པའི་ལས་འགུལ་ཞིག་ཡིན་འདུག

དེ་ཡང་གནས་ཚུལ་དེ་ནི་ཀེ་རི་ལ་མངའ་སྡེ་ནང་དུ་ས་བྷ་རི་མ་ལ་ཞེས་པའི་ཧིན་རྡུའི་ལྷ་ཁང་ཞིག་ཡོད་པ་དེ་དང་འབྲེལ་ནས་བྱུང་བ་ཞིག་ཡིན་ཞིང་། ལྷ་ཁང་དེར་བུད་མེད་ཀྱིས་སྨོན་ལམ་རྒྱག་པ་དང་ཆོས་ཞུ་ཆེད་དུ་འཛུལ་ཆོག་གི་མི་འདུག སྤྱིར་ལོ་རྒྱུས་ཐོག་ནས་ཀྱང་བུད་མེད་རྣམས་ལྷ་ཁང་དེ་རུ་འགྲོ་བར་འགོག་གི་ཡོད་འདུག་ཅིང་། ཟླ་མཚན་འབབ་པའི་བུད་མེད་རང་ལོ་༡༠་ནས་༥༠་བར་གྱི་བུད་མེད་རྣམས་ལྷ་ཁང་དེར་འཛུལ་ཆོག་གི་མེད་པ་རེད།

ངོ་རྒོལ་གྱི་ལས་འགུལ་དེ་ནི་མངའ་སྡེའི་གཡོན་ཕྱོགས་ཟླ་སྒྲིལ་ཚོགས་པས་གོ་སྒྲིག་བྱས་པ་ཞིག་ཡིན་འདུག སྔོན་མར་༢༠༡༨ལོའི་ཟླ་༩པའི་ནང་རྒྱ་གར་ཆེས་མཐོ་ཁྲིམས་ཁང་གིས་ལྷ་ཁང་དེར་བུད་མེད་འགྲོ་ཆོག་པའི་ཆོག་མཆན་སྤྲད་ཡོད་རུང་། རྒྱ་གར་གྱི་སྲིད་དབང་བཟུང་བཞིན་པའི་ཚོགས་པ་བྷི་ཇི་པེ་ཡིས་ཁྲིམས་དེ་ནི་ཧིན་རྡུའི་ཆོས་ལུགས་ཀྱི་རིན་ཐང་ལྟ་ཚུལ་ལ་གནོད་ཀྱི་འདུག་ཅེས་བརྗོད་ཡོད་འདུག

ལྷ་ཁང་དེས་མུ་མཐུད་ནས་བུད་མེད་བཀག་འགོག་བྱེད་བཞིན་པ་དང་། ཆོས་ལུགས་ལ་དད་པ་ཆེ་བའི་མི་ཁ་ཤས་ཞིག་གིས་ལྷ་ཁང་དེའི་ནང་འཛུལ་མཁན་གྱི་བུད་མེད་དག་ལ་རྡུང་རྡེག་དང་གནོད་པ་བྱས་ཡོད་འདུག

དེ་རིང་གནས་ཚུལ་བྱུང་བ་ལྟར་ན། བུད་མེད་གཉིས་ལྷ་ཁང་དེའི་ནང་འཛུལ་ཐུབ་པ་བྱུང་ཡོད་པར་བརྗོད་རྗེས། ལྷ་ཁང་དེ་ལམ་སང་སྒོ་བརྒྱབ་ནས་གཙང་བཟོ་བའི་ཆོ་ག་བྱས་རྗེས་གཞི་ནས་སྒོ་ཡང་བསྐྱར་ཕྱེས་ཡོད་འདུག ངོ་རྒོལ་དེ་ནི་ཧིན་རྡུའི་ལྷ་ཁང་ནང་དུ་འཛུལ་ཆོག་མི་ཆོག་གཅིག་པོ་མིན་པར་ཕོ་མོ་འདྲ་མཉམ་གྱི་གནད་དོན་ལ་ཐུག་ཡོད་པར་བཤད་ཀྱིན་འདུག

དེ་ཡང་ན་གཞོན་ངོ་རྒོལ་བ་ཞིག་གིས་བརྗོད་དོན། ལས་འགུལ་འདི་ནི་བུད་མེད་ཚོར་ནུས་སྟོབས་ག་འདྲ་ཡོད་མེད་དང་ང་རང་ཚོས་ཕན་ཚུན་ལ་རོགས་རོམ་ཇི་ལྟར་བྱེད་ཐུབ་མིན་གྱི་ཐབས་ལམ་ཡག་པོ་ཞིག་ཡིན་ཟེར། ངས་བུད་མེད་ལྷ་ཁང་ནང་འཛུལ་མི་ཆོག་པར་ངོ་རྒོལ་བྱེད་པའི་ལས་འགུལ་འདིར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ངས་བསམ་པར་སྲོལ་རྒྱུན་ག་འདྲ་ཞིག་ཡིན་ན་ཡང་བུད་མེད་ལྷ་ཁང་ནང་འགྲོ་བ་སོགས་བཀག་འགོག་བྱེད་ན་མི་འགྲིག་བསམ། ལྷ་ཁང་དུ་འགྲོ་མཁན་གྱི་བུད་མེད་སུ་ཞིག་ཡིན་ཡང་། ལྷ་ཁང་དུ་སོང་ནས་གསོལ་འདེབས་བྱེད་དུ་འཇུག་དགོས།

དེ་ནས་བུད་མེད་གཞན་ཞིག་གིས་ཀྱང་འདི་ལྟར་བརྗོད་དོན།ས་བྷ་རི་མ་ལ་ལྷ་ཁང་དུ་འགྲོ་ཆོག་མིན་དེ་གནད་དོན་གཙོ་བོ་ཞིག་མ་རེད། ངས་བསམས་ན། ཕོ་མོ་འདྲ་མཉམ་ནི་གནད་དོན་གཙོ་བོ་ཞིག་རེད་འདོད། ཅིའི་ཕྱིར་བུད་མེད་ལྷ་ཁང་དུ་འགྲོ་བར་བཀག་སྡོམ་བྱེད་ཀྱིན་ཡོད་པ་དེ་ཆབ་སྲིད་ཆགས་པ་རེད།

གསལ་བསྒྲགས་ཀྱི་ས་མིག