19
Fri, Apr

༢༠༡༨ལོའི་ཟླ༡༢ཚེས་༡༩ཉིན། ཨ་རིའི་སྲིད་འཛིན་ཌོ་ནོལ་ཊམ་གྱིས་ཨ་རིའི་མི་སེར་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཐོབ་ཐང་དགོས་པའི་ཁྲིམས་འཆར་ཨང་H.R.1872 པ་ལ་ས་ཡིག་བཀོད་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ༡༢ཚེས་༡༩ཉིན། ཨ་རིའི་སྲིད་འཛིན་ཌོ་ནོལ་ཊམ་གྱིས་ཨ་རིའི་མི་སེར་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཐོབ་ཐང་དགོས་པའི་ཁྲིམས་འཆར་ཨང་H.R.1872 པ་ལ་ས་ཡིག་བཀོད་དེ་དངོས་སུ་ཨ་རིའི་ཁྲིམས་སུ་གཏན་འབེབས་གནང་ཡོད་འདུག་ལ། ཕྱི་སྲིད་ལྷན་ཁང་གིས་ལག་ལེན་བསྟར་རྒྱུ་རེད་འདུག

དེ་ཡང་། ཁྲིམས་འཆར་འདི་ནི་ཐོག་མར་ཨ་རིའི་གྲོས་ཚོགས་འོག་མས་སྤྱི་ཟླ་༩་པའི་ནང་རྒྱབ་སྐྱོར་བྱས་ཡོད་པ་དང་། དེ་ནས་ཟླ་༡༢་ཚེས་༡༡ཉིན་གྲོས་ཚོགས་གོང་མ་ནས་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབས་བྱུང་ཡོད་པ་ཞིག་ཡིན། ཁྲིམས་གཞི་འདིའི་ནང་ཨ་རིའི་ཕྱི་འབྲེལ་མི་སྣ་དང་དེ་མིན་གྱི་དཔོན་རིགས། གསར་འགོད་པ། དེ་བཞིན་ཨ་རིའི་མི་སེར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་ཏུ་ཡོད་པའི་བོད་ཀྱི་ས་ཁུལ་ཁག་ནང་སྐྱོད་རྒྱུར་རྒྱ་ནག་གི་གཞུང་ཕྱོགས་མི་སྣ་དང་མི་སེར་རྣམས་ཨ་རིའི་ནང་ཡོང་བཞིན་པ་ལྟར་འདྲ་མཉམ་གྱི་ཐོབ་ཐང་དགོས་པ་བཀོད་ཡོད།

༢༠༡༨ལོའི་ཟླ༡༡ཚེས་༢༨ཉིན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགོ་འཛིན་མ་ཐེའུ་མེ་ཁ་སི་ལགས་ཀྱིས་གསུང་དོན། ཐེངས་འདིར་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་ཁུངས་སྤྱི་མོས་ནས། བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས་པ་ནི། ཨ་རིའི་མི་མང་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་ཨ་རི་མི་སེར་ཚོ་བོད་ནང་འགྲོ་འོང་མི་ཆོག་པ་བཅས་ལ་སེམས་ཁུར་བྱས་པ་ཤིག་རེད་ཅེས་བརྗོད་འདུག

ཁྲིམས་འཆར་དེས་ཨ་རིར་ཡོད་པའི་རྒྱ་མིའི་གཞུང་ཚབ་ནང་དུ་ཨ་རིའི་མི་སེར་ཡིན་པའི་བོད་མི་རྣམས་བོད་ནང་ཆོས་མཇལ་དང་གཉེན་འཕྲད་དུ་འགྲོ་སྐབས་མཐོང་མཆན་ཞུ་དགོས་པའི་དབྱེ་འབྱེད་ཀྱི་བྱས་སྟངས་དག་གསལ་ཁ་བཏོན་ཡོད་པ་རེད་འདུག

ཨ་རིའི་དྲུང་ཆེ་ཡིས་ཁྲིམས་འཆར་དེ་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ལ་བཏང་ནས་རྒྱ་གཞུང་གི་དྲང་བདེན་མིན་པའི་སྲིད་ཇུས་དང་འབྲེལ་ཡོད་ལས་བྱེད་དག་ངོས་བཟུང་བཅུག་ནས། ལས་བྱེད་དེ་དག་གིས་སྲིད་ཇུས་འཕོ་འགྱུར་མ་བཏང་བའི་བར་དུ་ཁོ་ཚོ་ཨ་རིར་ཡོང་བའི་མཐོང་མཆན་ངོས་ལེན་མི་བྱེད་ཅེས་བརྗོད་འདུག རྒྱ་མི་རྣམས་ཨ་རི་དང་རྒྱལ་ཁབ་གཞན་ནང་རང་དབང་ངང་འགྲོ་ཆོག་གི་ཡོད་ཀྱང་། རྒྱ་གཞུང་གིས་ཨ་རི་བ་དང་ཕྱི་རྒྱལ་བ་གཞན་པ་ཚོ་བོད་ནང་བསྐྱོད་པར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་བཅས་འགྲེལ་བརྗོད་གནང་འདུག

༢༠༡༨ལོའི་ཟླ་༩་ཚེས་༢༥ཉིན། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇམ་མ་ཁུ་གྷོ་ཝེན(Jim McGovern) མཆོག་དང་། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་ཌེ་ཧལ་ཌི་གྷེན(Randy Hultgren)མཆོག་བཅས་ཀྱི་རྒྱབ་སྐྱོར་འོག ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ནང་འགྲོ་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ཞེས་པ་ཞིག་གཏན་འབེབས་གནང་ཡོད་པ་དང་།

སྤྱིར་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་འདི་ནི་༢༠༡༧ལོ་གྲོས་འགོ་བཏོན་གནང་ཞིང་། ཁྲིམས་འཆར་འདི་གཏན་འབེབས་ཡོང་ཐབས་སུ་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཌི་སི་རུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་འབྲེལ་ཡོད་སོགས་ཀྱིས་སྔ་ཕྱི་བར་གསུམ་ལ་སྐུ་ལས་བསྐྱོན་ཞིང་། ཕྱི་ཟླ་ ༧ ནང་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་དོན་ཚོགས་ཆུང་ནས་ཁྲིམས་འཆར་འདིར་སྤྱི་མོས་ཐོག་ནས་རྒྱབ་སྐྱོར་གནང་སྟེ་ལོ་འདིའི་ཟླ་༩་ཚེས་༢༥ཉིན་དངོས་སུ་གཏན་འབེབས་གནང་ཐུབ་ཡོད།

དེ་སྔོན་བོད་ནང་འགྲོ་བསྐྱོད་བྱེད་ཆོག་མིན་ནི་བྱང་ཁོ་རི་ཡའི་ནང་ལས་དཀའ་ཁག་ཆེ་བ་ཡོད་པའི་གནས་ཚུལ་ཡོད་པ་དང་། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ཚོགས་པ་དང་། གཞན་གཞུང་འབྲེལ་དང་གཞུང་མ་ཡིན་པའི་ཚོགས་པ་སོགས་ཀྱིས་རྒྱ་གཞུང་ལ་བོད་ནང་སྐོར་བསྐྱོད་ཆོག་པའི་ཡི་གེ་མང་པོ་བཏང་ཡོད་རུང་དང་ལེན་བྱས་མེད་པ་རེད། དེར་བརྟེན། རྒྱ་གཞུང་གི་དྲང་བདེན་མེད་པའི་སྲིད་ཇུས་ལ་ཨ་རི་ཡིས་རྒོལ་ལེན་སློག་བཞིན་པ་རེད་འདུག