19
Fri, Apr

༢༠༡༨ལོའི་ཟླ་༡༡ཚེས་ ༡༩ ཉིན། ཉི་ཧོང་གི་གྲོང་ཁྱེར་ཀ་ཞི་ཝའི་ནང་རྟེན་གཞི་བྱས་པའི་རེ་ཏ་ཀུ་མཐོ་སློབ་ཁང་དུ། པར། ༸གོང་ས་མཆོག་གི་དྲ་རྒྱ་ནས་ལེན།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ ཟླ་༡༡ཚེས་ ༢༥ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཁྱོན་ཉིན་གྲངས་བཅུ་གཉིས་ལྷག་ལ་བཞུགས་ཏེ། མཛད་འཕྲིན་སོགས་ལེགས་པར་གྲུབ་ནས་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་འདུག དེ་ཡང་ཉི་ཧོང་ནས་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་དང་། གནད་ཡོད་མགོ་ཁྲིད་མི་སྣ་དང་མཉམ་དུ་བཀའ་མོལ། འཁྲབ་སྟོན་པ་གྲགས་ཅན་དང་ལྷན་དུ་གསུང་བཤད། སློབ་མ་དང་མང་ཚོགས་བཅས་ལ་བཀའ་སློབ་དང་གསུང་ཆོས་བསྩལ་བ་བཅས་ཀྱི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལེགས་པར་གནང་འདུག

དེ་ཡང་། ཚེས་༡༢ ཉིན། ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མར་ཞབས་སོར་བདེ་བར་འཁོད་གནང་མཛད་ཅིང་། ཚེས་ ༡༣ ཉིན། ཉི་ཧོང་གི་གསར་འགོད་པ་ལྕམ་རི་ན་ཡ་མ་ས་ཝ་ལགས་ཀྱིས་བཅར་འདྲི་དང་ལེན་མཛད་འདུག་ཅིང་། སྐབས་དེར་བཀའ་ལན་གནང་དོན་ལ། དང་པོ་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཀྱི་ཐབས་ལམ་སྐོར་གང་ཐུབ་ཅི་ཐུབ་འབད་བརྩོན་བྱེད་བཞིན་ཡོད་སྐོར་དང་། གཉིས་པ་ཆོས་ལུགས་མི་འདྲ་བ་ཕན་ཚུན་འཆམ་མཐུན་ངང་གནས་དགོས་པའི་སྐོར། གསུམ་པ། བོད་ཀྱི་རིག་གཞུང་དང་ལྷག་པར་བོད་ལ་རྒྱ་གར་ནས་དར་བའི་ལེགས་བཤད་དེ་དག་སྲུང་སྐྱོབ་བྱེད་ཐབས་སྐོར་བཅས་ཡིན་པར་མ་ཟད། ད་དུང་། གསར་འགོད་པས་ཁོང་གི་ཡང་སྲིད་སྐོར་ནས་བཀའ་འདྲི་ཞུ་སྐབས། ཁོང་གིས་སྤྱན་ཤེལ་ཕུད་གནང་མཛད་ནས “ངོས་ཀྱི་གདོང་པར་ལྟོས་དང་། ཡང་སྲིད་འཚོལ་རྒྱུར་ད་ལྟ་ཛ་དྲག་འདུག་གམ”ཞེས་བཀའ་ལན་མཛད་འདུག གཞན་ཡང་། དབུ་མའི་ལན་གྱི་སྐོར་ནས། རྒྱ་ནག་གིས་ང་ཚོར་ཕྱི་དངོས་པོའི་འཛུགས་སྐྲུན་ཐོག་རོགས་རམ་བྱེད་ཐུབ་པ་དང་། ང་ཚོས་ཕར་རྒྱ་ནག་ལ་ནང་པའི་སེམས་ཁམས་རིག་པའི་ཐོག་ནས་རོགས་རམ་བྱེད་ཐུབ། དེར་བརྟེན། ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་གཉིས་སྨན་གྱི་ཐབས་ལམ་ཞིག་རེད། ངོས་རང་ཡུ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུ་ལ་ཡིད་སྨོན་འཆོར་མཁན་ཞིག་ཡིན། ངོས་རང་གིས་མ་འོངས་པར་རྒྱ་གར་དང་། རྒྱ་ནག ཉི་ཧོང་དབར་ཡུ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུ་འཛུགས་ཐུབ་ན་བསམ་གྱི་ཡོད། ཅེས་གསུངས་འདུག

ཚེས་ ༡༤ ཉིན། ཉི་ཧོང་གི་ཡོ་ཀོ་ཧ་མ་གྲོང་ཁྱེར་དུ་ཡོ་ཀོ་ཧཱ་མ་རྒྱལ་ཡོངས་ལྷན་ཚོགས་ཚོགས་ཁང་དུ་ཤེས་རབ་སྙིང་པོའི་ཆོས་འབྲེལ་དབུ་འཛུགས་མཛད་གནང་ཞིང་། སྐབས་དེར། ཁོིང་གིས་ཆོས་ཞུ་བ་དད་ལྡན་མང་ཚོགས་རྣམས་ལ། ནང་སེམས་ལ་ཞི་བདེ་ཇི་ལྟར་བསྐྲུན་ཐབས་དང་། འཛམ་གླིང་གང་ས་ན་དམར་གསོད་ཀྱི་དོན་རྐྱེན་འབྱུང་གི་ཡོད་སྐོར་དང་། ཁོར་ཡུག་གི་གནད་དོན་གྱི་འབྱུང་རྐྱེན་དང་དེའི་འཇུག་འབྲས། ཆོས་ལུགས་འཆམ་མཐུན་གྱི་སྐོར་སོགས་གསུངས། དེ་ཡང་ཁོང་གིས། དེ་རིང་ཁ་སང་འཕྲུལ་ཆས་ལག་རྩལ་བ་དེ་ཚོས་མིའི་བསམ་བློ་ལས་ཀ་བྱེད་ཐུབ་མཁན་གྱི་འཕྲུལ་ཆས་བཟོ་རྒྱུའི་སྐོར་སྐད་ཆ་བཤད་ཀྱི་འདུག དེ་ཧ་ཅང་ཁག་པོ་རེད། སྒོ་ལྔའི་ཤེས་པ་རྐྱང་རྐྱང་ཡིན་ན་ཕལ་ཆེར་ཡིན་ཤེས་ཆེ། ཡིན་ལུགས་ཟེར་བ་དེ་རྙོག་གྲ་ཆེན་པོ་རེད། དེ་འཕྲུལ་ཆས་ཐོག་ནས་བཟོ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། ཅེས་དང་། ཡང་ཁོར་ཡུག་གི་ཐད་ནས། དངོས་ཡོད་གནས་ཚུལ་ལ་འཛམ་བུ་གླིང་འདིའི་སྒང་ལ་བལྟས་པ་ཡིན་ན། འཛམ་གླིང་ནང་མི་འབོར་དུང་ཕྱུར་བདུན་ཅུ་ཙམ་ཡོད། དེ་དག་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། སྡུག་བསྔལ་མང་པོ་ཞིག་འཛམ་གླིང་གི་ཚ་དྲོད་འཕེལ་ནས་མཚོ་རླབས་ཀྱི་ཉེན་ཁ་ཞིག་དཔེར་ན་ཉི་ཧོང་ནང་ཡོང་གི་འདུག དེ་བཞིན་ཨ་རིའི་མངའ་སྡེ་ཁལ་ལི་ཧྥོར་ནི་ཡ་དང་ཡུ་རོབ་ཁུལ་དུའང་མེ་འབར་ནས་ཉེན་ཁ་བྱུང་འདུག ཅེས་གསུངས་པ་དང་། དེ་ནས། འཛམ་གླིང་གང་ས་ན་དམར་གསོད་ཀྱི་དོན་རྐྱེན་འབྱུང་གི་ཡོད་སྐོར་ནས། གང་ལྟར་འབྱུང་བ་འཁྲུགས་པའི་གནོད་པ་དེ་འདྲ་ཡོང་གི་འདུག དེ་དག་ང་ཚོ་མི་ཡིས་བཟོ་རྒྱུ་གང་ཡང་མེད། དེ་མིན་སྤྱི་ཡོངས་ཀྱི་འཛམ་གླིང་འདིའི་སྒང་ལ་མི་ཡིས་མི་ལ་གསོད་རེས་གཏོང་བ་དང་། མི་དབུལ་ཕོངས་ཉམ་ཐག་དེ་དག་སྐྱབས་མེད་མགོན་མེད་བྱས་ནས་ལྷག་བསྡད་པ། དཔེར་ན་ཡེ་མན་ལུང་པར་ཆ་བཞག་ན། ཕྲུ་གུ་ཆུང་ཆུང་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པ། བཟའ་བཅའི་མཐུན་རྐྱེན་མ་འདང་བ། ལྟོགས་ནས་ཤི་མཁན་མང་པོ་བྱུང་འདུག ཨ་ཕི་རི་ཁའི་ནང་ཆ་བཞག་ན། ནང་ཁུལ་ལ་འཁྲུག་པ་རྒྱག་པ་དང་། ཉམ་ཐག་དེ་དག་བདག་མེད་བྱས་ནས་བཞག་སྟེ་དཀའ་ངལ་ཧ་ཅང་འདུག དེ་དག་ཚང་མ་ང་ཚོ་མི་ཡིས་བཟོས་པའི་དཀའ་ངལ་རེད། ཅེས་ཐུགས་བརྩེ་བས་གསུངས་འདུག ད་དུང་འཛམ་གླིང་གང་ས་ན་ཆོས་ལུགས་ཁ་ལ་ཁྱེར་ཕན་ཚུན་གསོད་རེས་བྱེད་ཀྱིན་ཡོད་པའི་ཡིད་སྐྱོ་བའི་གནས་ཚུལ་དེའི་ཐད་ལ་ཧ་ཅང་གཟབ་ནན་གྱིས་བཀའ་སློབ་གནང་འདུག་ཅིང་། དེའི་ཐད་ནས་ཁོང་གིས་འདི་ལྟར་གསུངས་དོན། སྡོམ་བརྒྱབ་ན་འཛམ་གླིང་འདིའི་སྒང་ལ་མི་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་འབའ་ཞིག་རེད། ཡིན་ནའང་གཞན་ཕན་གྱི་བློ་དེ་མེད་པ་དང་། ང་ཞེས་པའི་སོ་སོ་གཅིག་པུར་བསམ་བློ་བཏང་སྟེ་རང་རྒྱལ་གཞན་ཕམ་གྱི་ལྟ་ཚུལ་ཐོག་ནས་མི་ཡིས་མི་ལ་སྡུག་པོ་ཧ་ཅང་གཏོང་གི་འདུག འདི་དག་ཚང་མ་ཐུག་སའི་རྩ་བ་དེ་བྱམས་བརྩེ་ཕུང་བར་བརྟེན་ནས་བྱུང་བ་རེད། ཅེས་གསུངས་འདུག

ཚེས་༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་ཡོ་ཀོ་ཧ་མ་གྲོང་ཁྱེར་དུ་ཡོ་ཀོ་ཧ་མ་རྒྱལ་ཡོངས་ཚོགས་ཁང་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་གནང་ཞིང་། སྐབས་དེར། ཐོག་མར་ཆོས་ཞུ་བ་གྲངས་ ༥༠༠ བརྒལ་བར་དགེ་བསྙེན་གྱི་སྡོམ་པ་བསྩལ་གནང་འདུག སྐབས་དེར། མགོན་པོ་གང་ཉིད་ཀྱིས། དེ་རིང་ཐུགས་རྗེ་ཆེན་པོའི་དབང་ཆེན་བྱེད་རྒྱུ་དང་། དེ་རིང་འབུལ་རྒྱུའི་ཐུགས་རྗེ་ཆེན་པོ་ནི། སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་པའི་ཆོས་ལ་ངོས་ཀྱི་ནམ་རྒྱུན་བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་ཞེས་བཤད་ཀྱི་ཡོད། ཐ་སྙད་འདི་བོད་ཀྱི་མཁས་པ་གཉེན་མགོན་གསུང་རབ་པ་ཞེས་ཧ་ཅང་མཁས་པ་ཆེན་པོ་ཞིག་བྱུང་ཡོད། ཁོང་གིས་བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་ཞེས་པའི་ཐ་སྙད་འདི་གསུང་གི་འདུག ངོས་ཀྱིས་གོ་བ་འདི་རྒྱ་ཆེ་རུ་བཏང་ནས་མདོ་ཕྱོགས་ཀྱི་ལམ་དཔེར་ན་འཁོར་ལོ་དང་པོ། འཁོར་ལོ་བར་པ། འཁོར་ལོ་མཐའ་མའམ་གསུམ་པ་བཅས་ཁ་སྔོན་རོབ་ཙམ་ཞུས་པ་དེ་རེད། གང་ལྟར་དེ་དག་བསྟན་པ་སྤྱིའི་དབང་དུ་བྱས་ནས་གསུང་གི་འདུག ཅེས་སོགས་ཀྱི་སྦྱན་རས་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བཀའ་ཆོས་ཟབ་མོ་གནང་འདུག

ཚེས་༡༦ ཉིན། ཡོ་ཀོ་ཧ་མའི་རྒྱལ་ཡོངས་ཚོགས་ཁང་དུ་ནང་པའི་གཞུང་ནས་གསུང་པའི་ཚན་རིག་དང་། དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་ལྷན་ཚོགས་སུ་ལྷན་ཞུགས་མཛད་དེ་བཀའ་སློབ་སྩལ། བགྲོ་གླེང་ལྷན་ཚོགས་དེར་ཚོགས་བཅར་བ་མི་གྲངས་ ༥༠༠༠ ཙམ་འདུག་ཅིང་། སྐབས་དེར། མགོན་གང་ཉིད་ཀྱིས་འདི་ལྟར་གསུངས་དོན། ངོས་ཀྱིས་འདས་པའི་ལོ་ ༣༠ ལྷག་རིང་གཙོ་ཆེར་ཨ་རི་རེད། ཡུ་རོབ། དེ་བཞིན་རྒྱ་གར་གྱི་ཚན་རིག་པ་དང་བགྲོ་གླེང་བྱས་པ་ཡིན། ངོས་ཀྱིས་བགྲོ་གླེང་འདི་ལྟ་བུ་ཞིག་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་གཉིས་ཡོད། དང་པོ་ནི། དེང་རབས་ཚན་རིག་པས་འཇིག་རྟེན་ཕྱིའི་དངོས་པོར་དོ་སྣང་ཆེ་བ་བྱེད་པ་མ་གཏོགས་ནང་ཤེས་པར་དོ་སྣང་བྱེད་ཀྱི་མེད། འགྲོ་བ་མི་ནི་ཕྱིའི་ཕུང་པོ་ལས་གྲུབ་པ་ཙམ་མིན་པར་ཚོར་ཤེས་ཀྱང་ཡོད་པར་བརྟེན་ཚན་རིག་པས་ནང་སེམས་དང་སེམས་ཚོར་སྐོར་ཉམས་ཞིབ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཉིས་པ་ནི། དེང་སྐབས་འཛམ་གླིང་ནང་བསམ་བློ་གཏོང་སྟངས་ཐོག་ནས་དཀའ་ངལ་འཕྲད་བཞིན་ཡོད། དུས་རབས་ཉི་ཤུའི་ནང་འཛམ་གླིང་དམག་ཆེན་ཐེངས་གཉིས་བྱུང་ཡོད་པ་དང་། དམག་ཆེན་གཉིས་པའི་སྐབས་ལ་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མ་དང་ན་ག་ས་ཀི་གཉིས་ནང་རྡུལ་ཕྲན་མཚོན་ཆ་གཡུག་པ་སོགས་ཧ་ཅང་འཇིགས་སྣང་སྐྱེས་དགོས་པའི་དྲག་གཅོད་ཀྱིས་དམག་ཐབས་འོག་མི་གྲངས་ས་ཡ་གཉིས་ཙམ་གྱི་ཚེ་སྲོག་ཤོར་ཡོད། ད་ལྟ་དུས་རབས་ ༢༡ སྐབས་འདིར་ཡང་དཀའ་ངལ་དེ་དག་དྲག་པོའི་སྟོབས་ཤུགས་ཐོག་ནས་སེལ་ཐུབ་རྒྱུ་རེད་བསམ་པའི་ཡིད་ཆེས་བྱེད་བཞིན་འདུག བསམ་ཚུལ་དེ་དག་མཐའ་གཅིག་ཏུ་ནོར་འཁྲུལ་ཆེན་པོ་རེད། དེར་བརྟེན། ང་ཚོས་དུས་རབས་ ༢༡ འདི་བཞིན་ཞི་བདེའི་དུས་རབས་བསྐྲུན་རྒྱུར་འབད་བརྩོན་བྱེད་དགོས། ཅེས་སོགས་ཀྱི་བཀའ་སློབ་བསྩལ་འདུག

ཚེས་༡༧ ཉིན། ཉི་ཧོང་གི་རྒྱལ་ས་ཊོ་ཀེ་ཡོ་ནང་རྟེན་གཞི་བྱས་པའི་ཧི་བྷི་ཡ་ཟློས་གར་ཚོགས་ཁང་དུ་ང་ཚོ་ཁྱིམ་ཚང་གཅིག་གི་མི་ཡིན་ཞེས་པའི་བརྗོད་གཞི་གཞིར་བཞག་ཐོག་གཞོན་སྐྱེས་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་རྣམས་ལ། སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་སྐོར་དང་། འགྲོ་བ་མི་ལ་སེམས་ཅན་གཞན་ལས་ཁྱད་དུ་འཕགས་པའི་ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ་དང་རྣམ་དཔྱོད་ལྡན་པས། རང་ཉིད་ཀྱི་རྣམ་དཔྱོད་དེ་ལེགས་པར་སྤྱོད་དགོས་ཚུལ་དང་། དེ་ཚུལ་དང་མི་མཐུན་པའི་སྒོ་ནས་སྤྱད་པའི་ཉེས་སྐྱོན་དང་སྡུག་བསྔལ་ཅི་འབྱུང་སོགས་ཀྱི་སྐོར་ལ་བཀའ་སློབ་བསྩལ་འདུག

ཚེས་ ༡༩ ཉིན། ཉི་ཧོང་གི་གྲོང་ཁྱེར་ཀ་ཞི་ཝའི་ནང་རྟེན་གཞི་བྱས་པའི་རེ་ཏ་ཀུ་མཐོ་སློབ་ཁང་གི་རེ་ཏ་ཀུ་རྗེས་དྲན་ཚོགས་ཁང་དུ་༸ཞབས་སོར་འཁོད་རྗེས་མཐོ་སློབ་ཁང་གི་ངེས་སྟོན་པ་མོ་ཊོ་ཊ་ཀ་ལགས་ཀྱིས་མཐོ་སློབ་ཁང་གི་རྩོམ་རིག་མཁས་དབང་གི་ཆེ་བསྟོད་ཕྱག་འཁྱེར་ སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་འདུག་ཅིང་། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་མཐོ་སློབ་ཁང་གི་ངེས་སྟོན་པ་མོ་ཊོ་ཊ་ཀ་ལགས་ཀྱིས་གཙོས་དགེ་ལས་སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༡༧༠༠ ལྷག་ལ་བཀའ་སློབ་བསྩལ་དོན། འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་ནི་བྱམས་བརྩེ་ལྡན་པ་རེད་ཅེས་ཚན་རིག་པས་ཐག་བཅད་ནས་རྗོད་ཀྱི་འདུག ཕྲུ་གུ་ཚོ་སྐྱེ་དུས་ཨ་མས་ཧ་ཅང་བྱམས་བརྩེའི་སྒོ་ནས་སྐྱོང་བཞིན་ཡོད། འགྲོ་བ་མི་ནི་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་རེད། ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ནས་འཚོ་བཞིན་ཡོད། བྱམས་པ་དང་བརྩེ་བ་ཡོད་ན་ང་ཚོ་མཉམ་གནས་བྱེད་ཐུབ། ཆགས་སྡང་གིས་ང་ཚོ་ཁ་བྲལ་དུ་གཏོང་གི་རེད། དོན་ངོ་མར་ཚན་རིག་པས། རྒྱུན་དུ་སེམས་ལ་ཁོང་ཁྲོ་ལངས་ནས་བསྡད་ན། དེས་ང་ཚོའི་ལུས་ཟུངས་མ་ལག་ལ་གནོད་ཀྱི་ཡོད་པ་རྗོད་ཀྱི་འདུག ཅེས་སོགས་ཀྱི་བཀའ་སློབ་གནང་འདུག

ཚེས་ ༢༠ ཉིན། བོད་མི་དང་འབྲུག་པ་སོགས་ཁྱོན་མི་གྲངས་ ༣༠༠ ལྷག་ཙམ་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་རྗེས། ཉི་ཧོང་གི་རྒྱལ་ས་ཊོ་ཀེ་ཡའོ་ནང་རྟེན་གཞི་བྱས་པའི་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཞབས་ཀྱིས་བཅགས་ཤིང་། སྐབས་དེར་གྲོས་ཚོགས་འཐུས་མི་རྣམ་པས་ཁོང་ཚོའི་འཆར་གཞི་དང་གྲོས་ཆོད་ཁག་སྙན་སྒྲོན་ཞུས། དེ་ནས། མགོན་པོ་གང་ཉིས་ཀྱིས་ལོ་རྒྱུས་ཀྱི་སྟེང་ནས་ཉི་ཧོང་དང་བོད་ཀྱི་འབྲེལ་བའི་སྐོར་དང་། བོད་དོན་གྱི་ཆེད་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་སོགས་ཀྱི་བཀའ་སློབ་གནང་འདུག

ཟླ་༡༡ ཚེས་ ༢༢ ཉིན། ཉི་ཧོང་གི་གྲོང་ཁྱེར་ཕུ་ཀུ་ཨོ་ཀར་རྟེན་གཞི་བྱས་པའི་ཏོ་ཆོ་ཇི་དགོན་པར་ཡུལ་དེའི་ནང་ས་ཡོམ་དང་ཆུ་ལོག་སོགས་འབྱུང་བའི་གོད་ཆགས་ཀྱི་རྐྱེན་པས་དུས་མིན་འཆི་བའི་འཇིགས་པའི་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པ་རྣམས་ལ་དམིགས་ནས་མཆོད་འབུལ་སྨོན་ལམ་འཚོགས་ཤིང་། སྐབས་དེར། ཁོང་གིས་དེ་རིང་འདིར་གཙོ་བོ་བར་སྐབས་ཤིག་ནས་ས་ཡོམ་དང་། ཆུ་ལོག་སོགས་རང་འབྱུང་གོད་ཆགས་ལ་བརྟེན་ནས་དུས་མིན་འཆི་བའི་འཇིགས་པའི་འོག་དཀའ་སྡུག་མྱོང་བཞིན་པ་མང་པོ་ཞིག་གི་ཆེད་དུ་རེད། འདིར་ཤེས་རབ་སྙིང་པོ་གསུང་རྒྱུ་ཧ་ལས་པའི་གནད་འགག་ཆེན་པོ་འདུག སྤྱིར་སྔགས་ཀྱི་ཆོ་ག་ལ་སོགས་ཡོད་ནའང་། སངས་རྒྱས་པའི་ཆོས་དེ་ནི་བདེན་པ་བཞི་གསུང་ནས་སྡུག་བསྔལ་གྱི་རིགས་རྣམས་མེད་པར་བཟོ་ཐུབ། ཅེས་སོགས་ཀྱི་བཀའ་སློབ་བསྩལ།

གཞན་ཡང་། མཛད་འཆར་ལྟར་ན། ཕྱི་ཟླ་ ༡༢ ཚེས་༣ ནས་༥བར་རྒྱ་གར་ཨུ་ཏར་པྲ་དེཤ་མངའ་སྡེའི་སན་ཀི་སའམ་ལྷ་བབས་ཀྱི་གནས་སུ་རྒྱ་གར་གཞོན་ནུ་ནང་ཆོས་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་། དེ་བཞིན། ཕྱི་ཚེས་༢༨ ནས་༣༠ བར། གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། དེ་བཞིན་ཕྱི་ལོ་༢༠༡༥ ལོར་གདན་ས་བཀྲ་ཤིས་ལྷུན་པོ་རུ་གནང་བའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་རྣམ་རྩ འཕྲོ་སྐྱོང་མཛད་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོར་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག