24
Sun, Mar
37 New Articles

གོ་མཚོན་དང་བྲལ་བའི་འཛམ་གླིང་ཞིག་སྐྲུན་པར་སེམས་ནང་གི་གོ་མཚོན་མེད་པར་བཟོ་དགོས།

རྒྱལ་སྤྱིའི་གསར་འགྱུར།
Typography

ངོས་ཀྱི་དམིགས་ཡུལ་ནི་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་ཆགས་རྒྱུ་ཁོ་ན་མིན་པར། དམག་ཤུགས་ཕྱིར་བསྡུ་བྱེད་པ་དེ་ཡང་ཡིན། དམིགས་ཡུལ་དེ་འགྲུབ་བར་མི་རྣམས་ཀྱི་སེམས་དང་བསམ་བློའི་ནང་གི་གོ་མཚོན་མེད་པ་བཟོ་ཐུབ་དུས་གཞི་ནས་དམིགས་ཡུལ་དེ་གྲུབ་པ་ཞིག་ཡིན། ཞེས་༸གོང་ས་མཆོག་གིས་བཀའ་སློབ་གནང་འདུག

དེ་ཡང་༢༠༡༨ལོའི་ཟླ་༡༡་ཚེས་༡༣ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བརྙན་འཕྲིན་གསར་འགྱུར་ཚན་པ་ NHK BS1 ཞེས་པའི་གསར་འགོད་པ་ལྕམ་རེ་ཎ་ཡ་མ་ས་ཝ་(Rina Yamasawa) ལགས་ཀྱིས་བོད་ཀྱི་གནད་དོན་དང་སྐུ་ཉིད་ཀྱི་ཡང་སྲིད་སྐོར་སོགས་ལ་བཅར་འདྲི་བྱས་ཡོད་འདུག

སྐབས་དེར། གསར་འགོད་པས་བོད་ནང་གི་གནས་སྟངས་སྐོར་ནས་བཀའ་འདྲི་ཞུས་པར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་བསྩལ་དོན། ངོས་རང་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཡོད་པའི་ཁོངས་ནས་གཅིག་ཡིན། ང་ཚོས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་རྒྱག་གི་ཡོད་ནའང་འཛམ་གླིང་འདིའི་སྟེང་གི་སྲོག་ཆགས་དུད་འགྲོ་བྱ་རི་དྭགས་དང་ཉ་སོགས་གྲངས་ལས་འདས་པ་དེ་དག་ལ་སྐད་ཡིག་མེད་སྟབས། སྨོན་ལམ་རྒྱག་རྒྱུ་ཙམ་མ་གཏོགས་ཐད་ཀར་འབྲེལ་བ་གང་ཡང་མེད། འོན་ཀྱང་ཕྲན་བུ་བྱེད་རྒྱུའི་གོ་སྐབས་ཡོད་པ་ནི། འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་དེ་དག་རེད། དེང་སྐབས་ཕྱིའི་དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་པའི་དུས་སྐབས་འདིར་མང་པོ་ཞིག་གིས་ནང་སེམས་ཀྱི་རིན་ཐང་སྐོར་ཤེས་ཀྱི་མི་འདུག ངོས་ཀྱིས་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཀྱི་ཐབས་ལམ་སྐོར་གང་ཐུབ་ཅི་ཐུབ་འབད་བརྩོན་བྱེད་བཞིན་ཡོད།

ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པར་བརྟེན། ཆོས་ཀྱི་མིང་ཐོག་ནས་རྙོག་གྲ་དེ་འདྲ་མཐོང་སྐབས་ཧ་ཅང་བློ་ཕམ་ཡོང་གི་འདུག རྒྱ་གར་ནང་ཆོས་ལུགས་མི་འདྲ་བ་མང་པོ་ཕན་ཚུན་འཆམ་མཐུན་ཐོག་མཉམ་གནས་བྱེད་ཐུབ་ཀྱི་ཡོད་སྟབས། ཆོས་ལུགས་མི་འདྲ་བ་དེ་དག་ཕན་ཚུན་འཆམ་མཐུན་ངང་གནས་ཐུབ་རྒྱུ་ཡིན་པར་ང་ཚོས་མཐོང་གི་འདུག

ངོས་རང་བོད་མི་ཞིག་ཡིན། ༢༠༡༡ ལོ་ནས་ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་ལས་འགན་དེ་མཚམས་བཞག་ཟིན་པར་བརྟེན། ད་ཆ་ངོས་ཀྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དགོས་པའི་གནས་སྟངས་ཐོག་ཤུགས་རྒྱག་བཞིན་ཡོད། ཕྱོགས་མཚུངས་སུ་བོད་ཀྱི་རིག་གཞུང་དང་ལྷག་པར་དུ་བོད་ལ་རྒྱ་གར་ནས་དར་བའི་ལེགས་བཤད་དེ་དག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད།

༡༩༧༤ ལོ་ནས་བཟུང་ང་ཚོས་བོད་རང་བཙན་མ་རྩོད་ཀྱི་མེད་པ་དང་། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ལ་སྡོད་རྒྱུའི་གྲ་སྒྲིག་བྱས་པ་ཡིན། དེ་ནི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རེད། འདས་པའི་ལོ་ངོ་༤༠ རིང་རྒྱ་ནག་ནང་འགྱུར་བ་ཧ་ཅང་ཕྱིན་ཡོད། དེང་སྐབས་རྒྱ་ནག་ནང་དུ་ནང་པ་ཧ་ལམ་ས་ཡ་༣༠༠ཙམ་ཡོད་པའི་ཁོངས་ནས་མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་ལ་དོ་སྣང་བྱེད་ཀྱི་ཡོད། རྒྱ་ནག་གི་དཔོན་རིགས་མཁྲེགས་འཛིན་པ་ཚོས་འདས་པའི་མི་ལོ་༧༠ ཙམ་རིང་བོད་མིའི་ཐོག་དྲག་གནོན་ཅན་གྱི་སྲིད་ཇུས་བཟུང་བ་དེ་ལམ་ལྷོངས་བྱུང་མེད་སྟབས། ད་ཆ་རྒྱ་ནག་གི་དཔོན་རིགས་མཁྲེགས་འཛིན་པ་ཚོས་ཅི་བྱ་གཏོལ་མེད་ཀྱི་ངང་གནས་ཡོད།

རྒྱ་ནག་གིས་ང་ཚོར་ཕྱིའི་དངོས་པོའི་འཛུགས་སྐྲུན་ཐོག་རོགས་རམ་བྱེད་ཐུབ་པ་དང་། ང་ཚོས་ཕར་རྒྱ་ནག་ལ་ནང་པའི་སེམས་ཁམས་རིག་པའི་ཐོག་ནས་རོགས་རམ་བྱེད་ཐུབ། དེར་བརྟེན་ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་གཉིས་སྨན་གྱི་ཐབས་ལམ་ཞིག་རེད། ངོས་རང་ཡུ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུ་ལ་ཡིད་སྨོན་འཆོར་མཁན་ཞིག་ཡིན། ངོས་རང་གིས་མ་འོངས་པར་རྒྱ་གར་དང་། རྒྱ་ནག ཉི་ཧོང་དབར་ཡུ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུ་འཛུགས་ཐུབ་ན་བསམ་གྱི་ཡོད།

དེ་རྗེས་གསར་འགོད་པས་མགོན་པོ་གང་ཉིད་ཀྱི་༸སྐུའི་ཡང་སྲིད་སྐོར་གྱི་དྲི་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་སྩོལ་སྐབས་སྤྱན་ཤེལ་ཕུད་གནང་མཛད་ནས། ངོས་ཀྱི་གདོང་པར་ལྟོས་དང་། ཡང་སྲིད་འཚོལ་རྒྱུར་ད་ལྟ་ཛ་དྲག་འདུག་གམ། ཞེས་བཀའ་ལན་མཛད་འདུག སྤྱིར་ཡང་སྲིད་ནི་བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ལྟར་ངོས་འཛིན་བྱེད་སྲིད་པ་རེད། འོན་ཀྱང་བླ་མ་ཁ་ཤས་ཀྱིས་ཁོང་རྣམ་པའི་འཚོ་བཞུགས་སྐབས་ནས་བསྐོ་བཞག་བྱས་པའི་གནས་སྟངས་དེ་འདྲ་ཡོད་རེད། ཟླ་༡༡པའི་ཟླ་མཇུག་ལ་བོད་ཀྱི་བླ་ཆེན་ཁག་ཞིག་འདུ་འཛོམས་བྱ་རྒྱུ་ཡིན་པ་དང་གཙོ་བོ་དེ་ནང་ཆོས་ཀྱི་ཡོན་ཏན་དང་ལག་ལེན་ཐོག་བགྲོ་གླེང་བྱ་རྒྱུ་རེད། དེའི་སྐབས་སུ་ཡང་སྲིད་སྐོར་གླེང་སྲིད་པ་རེད་ཅེས་གསུངས་འདུག

ད་དུང་། ༸གོང་ས་མཆོག་གིས། དེང་གི་སངས་རྒྱས་རྗེས་མཇུག་པ་ཚོ་ནི་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་རྣམས་ཀྱི་ཡོན་ཏན་རྟོགས་པའི་སྒོ་ནས་བྱེད་དགོས་པ་ལས་རྨོངས་དད་ཁོ་ན་བྱེད་རྒྱུ་མེད། ཅེས་བཀའ་སློབ་ནན་པོ་གནང་འདུག ཡང་གསར་འགོད་པས། ༸གོང་ས་མཆོག་ལ་ཇི་ལྟར་བྱས་ན་ཉི་ཧོང་དང་བོད་མི་ཚོས་འགྲོ་བ་མིའི་ཆེད་དུ་ཞབས་ཞུ་སྒྲུབ་ཐུབ་བམ་ཞེས་བཀའ་འདྲི་ཞུས་པར། ཁོང་གིས་བཀའ་ལན་བསྩལ་དོན། འཕྲུལ་ཆས་ཡར་རྒྱས་དང་ནང་སེམས་ཀྱི་གོ་རྟོགས་གཉིས་ཀ་མཉམ་འདུ་བྱེད་ཐུབ་ན་མི་རྣམས་ལ་ནང་སེམས་ཀྱི་ཞི་བདེ་ཡོང་བར་ཕན་ཐོགས་ཀྱི་རེད། ཅེས་བཀའ་སློབ་གནང་འདུག

དེ་བཞིན་ཉི་ཧོང་ནི་རྡུལ་ཕྲན་མཚོན་ཆ་ཡི་གནོད་འཚེ་ཕོག་པའི་རྒྱལ་ཁབ་གཅིག་པོ་དེ་རེད། དེར་བརྟེན་རྡུལ་ཕྲན་མཚོན་ཆ་རྩ་མེད་གཏོང་བའི་ལས་འགུལ་དེ་མཚམས་འཇོག་བྱ་མི་རུང་། ངོས་ཀྱི་དམིགས་ཡུལ་ནི་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་ཆགས་རྒྱུ་ཁོ་ན་མིན་པར། དམག་ཤུགས་ཕྱིར་བསྡུ་བྱེད་པ་དེ་ཡང་ཡིན། དམིགས་ཡུལ་དེ་འགྲུབ་བར་མི་རྣམས་ཀྱི་སེམས་དང་བསམ་བློའི་ནང་གི་གོ་མཚོན་མེད་པ་བཟོ་ཐུབ་དུས་གཞི་ནས་དམིགས་ཡུལ་དེ་གྲུབ་པ་ཞིག་ཡིན། ཞེས་བཀའ་སློབ་གནང་འདུག

 

 

གསལ་བསྒྲགས་ཀྱི་ས་མིག