18
Thu, Apr

༢༠༡༨ལོའི་ཟླ་༡༡་ཚེས་༣་ཉིན་༸གོང་ས་མཆོག་དང་རྒྱ་རིགས་ཚན་རིག་པས་ཐེངས་དང་པོར་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་བགྲོ་གླེང་ལེགས་པར་མཇུག་བསྡུས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༡་ཚེས་༣ཉིན། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཉིན་གསུམ་རིང་༸གོང་ས་མཆོག་དང་རྒྱ་མི་ཚན་རིག་པ་ཁག་ཅིག་གི་བར་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་བགྲོ་གླེང་མཇུག་རྫོགས་པ་དང་། ཟླ་འདིའི་ཚེས་༡་ནས་ཚེས་༣་བར་ཉིན་གསུམ་རིང་གི་བགྲོ་གླེང་སྐབས་སུ། རྒྱ་རིགས་ཚན་རིག་པ་རྣམས་ཀྱིས་༸གོང་ས་མཆོག་དང་ལྷན་དུ་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་བརྗོད་གཞི་ཐོག་གྲོས་སྡུར་ལྷུག་པོར་གནང་འདུག

དེ་ཡང་། འབུམ་རམས་པ་ལི་ཧྲི་ཁྲང་ལགས་ཀྱིས་མཁའ་དུས་ཆ་འགྲིག་རིག་པ་དང་ཚད་རྡུལ་དངོས་ཁམས་རིག་པའི་སྐོར་ནས། འདས་པའི་ལོ་ངོ་ ༧༠ ནང་ང་ཚོས་གཞི་རྩའི་ཕྲ་རྡུལ་གྱི་དྲག་ཤུགས་དང་། གློག་ཁབ་ལེན་གྱི་ཤུགས། དེ་བཞིན་ཞན་ཤུགས་བཅས་ཀྱི་སྐོར་ཤེས་རྟོགས་ཆེན་པོ་བྱུང་བ་འདི་ནི་མཁའ་དུས་ཆ་འགྲིག་རིག་པ་(Space-time Symmetry) དང་ཚད་རྡུལ་གྱི་ར་བའི་རྣམ་གཞག་(quantum field theory) ལ་བརྟེན་ནས་བྱུང་བ་ཡིན་ཞིང་། ཚོད་ལྟའི་དཔྱད་ཞིབ་མང་དག་ཅིག་གིས་གཏན་འབེབས་ཀྱང་གནང་ཡོད། འོན་ཀྱང་ནེའུ་ཊོན་(Newton) དང་ཨ་ཡིན་སི་ཊན་(Einstein) གཉིས་ཀྱི་དུས་སྐབས་བརྒལ་ནས་བཟུང་ད་བར་མཁའ་དུས་ཆ་འགྲིག་རིག་པའི་གོ་རྟོགས་ལ་ཡར་རྒྱས་དེ་ཙམ་ཕྱིན་མེད་པ་དང་། འདིར་ངོས་ནས་སྔར་ནེའུ་ཊོན་དང་ཨ་ཡིན་སི་ཊན་གཉིས་ཀྱིས་མཁའ་དུས་ཆ་འགྲིག་རིག་པའི་སྐོར་ལ་ཅི་ཞིག་བཤད་ཡོད་པ་དང་འབྲེལ་བའི་སྒེར་གྱི་གོ་རྟོགས་དང་། ཚད་རྡུལ་གྱི་གཞི་རྩའི་ལྟ་གྲུབ་སྐོར་བཅས་ལ་བསྐྱར་ཞིབ་དང་། དེ་བཞིན་མཁའ་དུས་ཆ་འགྲིག་རིག་པ་དང་ཚད་རྡུལ་དངོས་ཁམས་རིག་པ་གཉིས་མཉམ་བསྲེས་བྱ་ཚུལ་གྱི་སྐོར་ཡང་འགྲེལ་བཤད་གནང་།

དེ་རྗེས་འབུམ་རམས་པ་ཁྲིན་ཆི་ཏུང་ལགས་ཀྱིས་འཛིངས་འཁྲིལ་གྱི་འཇིག་རྟེན་སྐོར་ཞེས་པའི་བརྗོད་གཞིའི་ཐོག ཚད་རྡུལ་འཕྲུལ་རིག་ནི་ང་ཚོའི་རྒྱུན་ལྡན་འཚོ་བའི་ཁྲོད་དུ་མཐོང་ཆོས་ཤིག་ཆགས་ཡོད་པ་དཔེར་ན་རྩི་ཤིང་གི་འོད་ཀྱི་སྦྱོར་སྡེབ་བྱེད་ཚུལ་(photosynthesis) དང་། བྱ་རིགས་གནས་སྤོའི་(migration) སྐབས་ཀྱི་འགྲུལ་བསྐྱོད་བྱེད་སྟངས་(bird navigation) ལྟ་བུ་ཡིན། བརྩེགས་སྣོལ་(superposition) དང་འཛིངས་འཁྲིལ་(entanglement) གཉིས་ནི་ཚད་རྡུལ་འཕྲུལ་རིག་གི་ཐུན་མིན་ཁྱད་ཆོས་ཤིག་ཡིན་ཞིང་། དེང་དུས་ཀྱི་ཚད་རྡུལ་རྩིས་རིག་(quantum computing) དང་། ཚད་རྡུལ་བརྡ་འཕྲིན་འཕྲུལ་རྩལ་(quantum information technology) གཉིས་ཀྱི་ལྡེ་མིག་ལྟ་བུ་ཡང་ཡིན། འཛིངས་འཁྲིལ་གྱི་རྣམ་གཞག་ལྟར་ན། རྡུལ་ཕྲ་མོ་ཁ་ཤས་མཉམ་སྦྲེལ་གྱིས་ཚད་རྡུལ་གྱི་ངོ་བོར་འཛིངས་འཁྲིལ་བྱུང་བའི་སྐབས་སུ། རྡུལ་ཕྲ་མོ་གཅིག་གི་ཚད་རྡུལ་གནས་བབ་(quantum state) ལ་ཚད་འཇལ་བྱས་པ་དེ་ཡིས་ཕྲ་རྡུལ་གཞན་ཚང་མའི་ཚད་རྡུལ་གནས་བབ་བརླག་ཏུ་འཇུག་གི་ཡོད། འོན་ཀྱང་ཚད་གཞི་མ་གཞལ་གོང་དུ་རྡུལ་རེ་རེ་ལ་གནས་བབ་ངེས་ཅན་ཞིག་མེད་པར། གནས་བབ་ཅི་ཡོད་ཚང་མའི་བརྩེགས་སྣོལ་གྱི་ངོ་བོར་གནས་ཡོད། ང་ཚོའི་འཇིག་རྟེན་འདི་ནི་ཕྲ་རྡུལ་ཡོད་ཚད་ཀྱི་ཚད་རྡུལ་གནས་བབ་ཀྱིས་གྲུབ་པའི་རླབས་རྩིས་ཀྱི་རང་བཞིན་ཅན་ཞིག་ལ་ངོས་འཛིན་ཞུས་ཆོག་སྟེ། རྒྱུ་མཚན་ནི་འཇིག་རྟེན་གྱི་ཆོས་ཀུན་གཅིག་ལ་གཅིག་རྟེན་ཡིན་པ་དང་། གནས་ཚུལ་འདི་ནི་ང་ཚོའི་སྤྱི་ཚོགས་ལ་ཡང་ཁྱབ་སྟེ། མི་རྣམས་གཅིག་ལ་གཅིག་འབྲེལ་གྱིས་གནས་ཡོད་པ་སོགས་གསུང་བཤད་གནང་།

དེ་ནས་འབུམ་རམས་པ་ཁྲིན་ཡུ་ནན་ལགས་ཀྱིས་ཚད་རྡུལ་དངོས་ཁམས་རིག་པ་ནས་ཚད་རྡུལ་སྐྱེ་དངོས་རིག་པའི་བར་ཞེས་པའི་བརྗོད་གཞིའི་ཐོག ཚད་རྡུལ་མཐུན་འཇུག་(quantum coherence) དང་འཛིངས་འཁྲིལ་ (entanglement) གཉིས་ཀྱིས་ཚད་རྡུལ་འཕྲུལ་རིག་ཡར་རྒྱས་ཐད་མེད་དུ་མི་རུང་བའི་རམ་འདེགས་བྱེད་བཞིན་ཡོད་ལ། ངོ་མཚར་ཆེ་བའི་ཚད་རྡུལ་གྱི་ལྟ་ཚུལ་མང་པོ་ཞིག་གིས་ང་ཚོའི་རིག་ཤེས་ལ་གེགས་ཀྱང་བྱེད་ཀྱི་ཡོད། གཏམ་བཤད་འདིའི་ནང་དུ་ངོས་ནས་ཡོངས་གྲགས་ཡིན་པའི་དཀྱུས་མིན་རིག་པ་(well-known non-locality) ནས་འགོ་བརྩམས་ཏེ། ལེ་གྷེ་ཊི་གྷརཀ་ཡི་ཆ་མི་སྙོམ་པའི་རིག་པ་(Leggett-Garg inequality) ངོ་སྤྲོད་བྱ་འཆར་ཡོད་ཅིང་། འདིས་ང་ཚོའི་བདེན་ཆོས་རགས་པའི་རིགས་ལ་བཟུང་བའི་རིག་ཤེས་ལ་གེགས་བྱེད་བཞིན་ཡོད། ཚད་རྡུལ་འཕྲུལ་རིག་ལ་བརྟེན་ནས་བརྩེགས་སྣོལ་གྱི་རྩ་འཛིན་ (superposition principle) རྒྱུ་འབྲས་ཀྱི་འབྲེལ་བར་ (Causal relation) སྦྱར་ཆོག་པར་སོང། ངོས་ནས་གསར་དུ་དར་བཞིན་པའི་ཚད་རྡུལ་གྱི་རྒྱུ་འབྲས་ (quantum causality) ཞེས་པའི་སྐོར་ལ་འགྲེལ་བརྗོད་ཞུ་རྒྱུ་ཡིན། གཞི་རྩའི་འདོད་ཚུལ་དང་ཉེ་དུས་ཀྱི་བདེན་དཔང་ལ་བརྟེན་ནས་སྲོག་ལྡན་རིགས་གང་མང་ཞིག་གིས་ཚད་རྡུལ་འཕྲུལ་རིག་གི་(quantum mechanics) ཐུན་མིན་གྱི་ཁྱད་ཆོས་མང་པོ་ཞིག་བེད་སྤྱོད་བྱེད་བཞིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད། ཁྱད་ཆོས་འདི་དག་ནི་ཚད་རྡུལ་གྱི་ཤུགས་རྐྱེན་ཆུང་ངུ་ལས་བརྒལ་བ་མ་ཟད། ལུས་ཁམས་ཆགས་ཚུལ་གྱི་ཆ་ནས་གལ་ཆེ་བའི་དུས་ཚིགས་སུ་ཚད་རྡུལ་མཐུན་འཇུག་ཀྱང་ཁོངས་འཇུག་བྱེད་བཞིན་པར་འདོད་ཀྱི་ཡོད། མཐའ་དོན་ངོས་ནས་འོད་ཀྱི་སྦྱོར་སྡེབ་སྐབས་ཀྱི་འོད་འཇིབ་ལེན་དང་བྱ་ཡིས་ཁབ་ལེན་ནུས་པ་ཚོར་ཤེས་བྱེད་པའི་ཐད་ལ་ཚད་རྡུལ་གྱི་ཤུགས་རྐྱེན་ཆེན་པོ་ཅི་ཞིག་ཡོད་མིན་གྱི་གྲུབ་འབྲས་གསར་པ་ཁག་མདོར་བསྡུས་སུ་ཞུས་པ་དང་།

འབུམ་རམས་པ་ལིན་ཧྲན་ཡུག་ལགས་ཀྱིས་ཉི་མ་དང་གློག་གི་ཤེལ་རྡོག འོད་རྡུལ་གྱི་བྱང་བུ་བཅས་ཀྱིས་གྲུབ་པའི་དེང་དུས་ཀྱི་འོད་རྡུལ་གསར་བརྗེའི་(photonic revolution) སྐོར་ནས། སྤྱིར་དེང་དུས་ཀྱི་གློག་རྡུལ་གསར་བརྗེ་(electronic revolution) ནི་ཕྱི་ལོ་ ༡༩༤༧ ལོར་གློག་འདྲེན་ཤེལ་སྦུབས (transistor) གསར་གཏོད་བྱས་པ་ནས་འགོ་བཙུགས་པ་ཞིག་ཡིན་ལ། དེང་དུས་ཀྱི་འོད་རྡུལ་གསར་བརྗེ་ནི་ཕྱི་ལོ་ ༡༩༩༠ ལོར་ཕྱེད་ཁྲིད་དངོས་རྫས་ཀྱི་བྱང་བུའི་འཕྲུལ་རིག་(Semiconductor chip technology) དང་ཕྲ་བའི་འཕྲུལ་རིག་ (nanotechnology) གཉིས་ཟུང་སྦྲེལ་གྱི་སྒོ་ནས་བྱང་བུའི་འོད་སྣང་སྤྲོ་འབྱིན་ལ་སྟངས་འཛིན་ཆ་ཚང་ཞིག་བྱེད་ཐུབ་པ་བྱུང་བ་ནས་འགོ་བཙུགས་པ་ཞིག་ཆགས་ཡོད། གསར་བརྗེ་འདི་ལ་བརྟེན་ནས་ནུས་ཤུགས་ཆེ་བའི་འོད་རྡུལ་བྱང་བུ་(powerful photonic chip) ནི་འབྲེལ་མཐུད་མགྱོགས་མྱུར་ཡོང་བ་དང་། ཁ་པར་ནང་གི་བརྙན་རིས་ཀྱི་གསལ་ཆ་རྣོན་པོ་ཡོང་བ། ནུས་ཤུགས་བསྐྱར་གསོ་བྱེད་པར་ཕན་ནུས་ལྡན་པའི་ཉི་འོད་གསོག་འཇོག དེ་བཞིན་སྤུས་ཀ་དག་པའི་གློག་དང་འཕྲོད་བསྟེན་ལ་ཕན་པའི་འོད་སྣང་། རྩི་ཤིང་སྐྱེ་འཕེལ་ལ་སྨན་པའི་འོད་བཅས་ཀྱི་ཆེད་དུ་ཕན་པའི་འོད་འཕྲོའི་སྣེ་གཉིས་སྦུ་གུ་(light-emitting-diode) བཟོ་སྐྲུན། གསར་དུ་ཐོན་ལ་ཉེ་བའི་ཕྱོགས་ཆ་གསུམ་ཅན་གྱི་བྱད་བཞིན་ངོས་འཛིན་འཕྲུལ་ཆས་(3D facial recognition) ཆེད་དགོས་བའི་ཕྲ་བའི་ལེ་ཟེར་བསྟར་མ་(micron-size laser arrays) བཅས་ཀྱི་ཆེད་དུ་ཧ་ཅང་དགོས་ཕན་ཆེ་བའི་སྐོར་ངོས་འཛིན་བྱུང་ཡོང་། ཚན་རིག་གི་གསར་རྙེད་དངོས་པོའི་ཕྱོགས་ནས། བྱང་བུའི་སྟེང་གི་འཕྲུལ་རིག་(on-chip-technology) འདི་ཡིས་པི་ལེན་ཁི་ཡི་གཟུགས་ནག་འོད་ཟེར་འགྱེད་འཕྲོའི་ཡ་མཐའི་ཚད་གཞི་(Planck’s blackbody radiation limit) བརྒལ་བའི་ཚ་དྲོད་ཀྱི་འོད་མདངས་འབྱུང་ཁུངས་རིགས་གསར་པ་ཞིག་གསར་རྙེད་བྱུང་དུ་བཅུག་ཡོད། ཅེས་སོགས་གསུངས་བཤད་དང་། གསུང་བཤད་གནང་མཁན་རེ་རེས་གསུང་བཤད་གྲུབ་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིར་ཉན་པ་དང་བགྲོ་གླེང་གནང་བ་སོགས་བྱས་ཏེ་ཉིན་དང་པོའི་བགྲོ་གླེང་མཇུག་ལེགས་པར་གྲུབ་ཡོད་པ་དང་།

འབུམ་རམས་པ་ལི་ཏིན་གོ་ལགས་ཀྱིས་ཁྱད་འཕགས་བརྒྱུད་ཁྲིད་ནུས་པ་དང་འབྲེལ་བའི་ཚད་རྡུལ་གྱི་རགས་པའི་གསར་ཐོན་སྣང་ཚུལ་སྐོར་ལ་གསུང་བཤད་གནང་རྒྱུ་དང་། སློབ་དཔོན་ཆེན་མོ་ཝུ་མའོ་ཁུའེ། ཚད་རྡུལ་གྱི་གནས་བབ་གསར་པ་ཁྱད་འཕགས་བརྒྱུད་ཁྲིད་ནུས་པའི་སྐོར། ཁྱད་འཕགས་བརྒྱུད་ཁྲིད་ནུས་པ་(superconductivity) ནི་ངོ་མཚར་ཅན་གྱི་ཚད་རྡུལ་འཇིག་རྟེན་དེ་རགས་པའི་རྣམ་པར་མངོན་པའི་སྣང་ཚུལ་ཞིག་རེད། ཁྱད་འཕགས་བརྒྱུད་ཁྲིད་ཀྱི་འགོག་ཤུགས་དབེན་པའི་རང་བཞིན་ (zero resistance) ལ་བརྟེན་ནས་ང་ཚོས་ཆུད་ཟོས་མེད་པར་གློག་རྒྱུད་གཏོང་བྱེད་ཐུབ་ཀྱི་ཡོད་ཅིང་། འདི་ནི་ནུས་ཤུགས་སྲུང་སྐྱོབ་བྱེད་མཁན་གྱི་ཁྱད་ཆོས་འོས་ཤོས་ཤིག་ཀྱང་ཡིན། ལོ་ངོ་ ༣༠ ལྷག་གི་གོང་དུ་རྨང་གཞི་ཟངས་ (CU) ལས་གྲུབ་པའི་དངོས་རྫས་ཤིག་གི་ནང་དྲོད་ཚད་ཆེ་བའི་ཁྱད་འཕགས་བརྒྱུད་ཁྲིད་གསར་རྙེད་བྱུང་བ་དེས་ཁྱད་འཕགས་བརྒྱུད་ཁྲིད་ནུས་པ་དངོས་སུ་བཀོལ་སྤྱོད་བྱེད་རྒྱུར་རེ་བ་ཆེན་པོ་བསྐྲུན་ཡོད། འོན་ཀྱང་དྲོད་ཚད་ཆེ་བའི་ཁྱད་འཕགས་བརྒྱུད་ཁྲིད་ནུས་པའི་རང་བཞིན་དེ་ཉིད་ཀྱི་རྩ་བའི་འབྱུང་ཁུངས་སྐོར་ད་དུང་ཡང་དྲི་བའི་ངོ་བོར་གནས་ཡོད་པ་རེད། ཡང་ལྕགས་ (Fe) ཀྱི་གྲུབ་ཆ་རྨང་གཞི་ཡིན་པའི་དངོས་རྫས་ཀྱི་སྡེ་འགའ་ཤས་ངོས་འཛིན་ཐུབ་པར་བརྟེན་ནས་དྲོད་ཚད་ཆེ་བའི་ཁྱད་འཕགས་བརྒྱུད་ཁྲིད་ནུས་པའི་རང་བཞིན་ཤེས་རྟོགས་བྱེད་པར་སྤྲོ་བ་བསྐྱེད་པའི་གོ་སྐབས་གསར་པ་མཁོ་སྤྲོད་བྱས་ཡོད། ཕུལ་དུ་བྱུང་བའི་ཉམས་ཞིབ་སྡེ་ཚན་མང་པོ་ཞིག་གི་འབད་བརྩོན་དང་ཡར་རྒྱས་ལས་དྭངས་གཟུགས་ཀྱི་ལིང་ཚེའི་ (crystal lattice) ནང་དུ་ལྕགས་རྡུལ་གྱི་སྟོང་ཆ་ (Fe -vacancy) ཡོད་པ་དང་༑ སྟོང་ཆ་དེ་དག་ཆ་སྙོམས་མེད་པར་ཁྱབ་ཡོད་པ་ནི་དྲོད་ཚད་ཆེ་བའི་ཁྱད་འཕགས་བརྒྱུད་ཁྲིད་ནུས་པའི་འབྱུང་ཁུངས་དེ་ཡིན་སྲིད་པའི་སྐོར་འགྲེལ་བརྗོད་བྱེད་བཞིན་ཡོད། སློབ་དཔོན་ཆེན་མོ་ཨལ་བྷརཊ་ཀྲང་མེ་ཧྥུའུ་ལགས་ཀྱིས་ཐད་དྲང་བརྩེགས་སྣོལ་དང་གསར་ཐོན་གྱི་ཐད་དྲང་དབེན་པའི་རང་བཞིན་དང་འབྲེལ་བའི་ཚད་རྡུལ་དབོར་འདྲེན་གྱི་སྐོར་ལ་གསུང་བཤད། དེ་བཞིན་སློབ་དཔོན་ཆེན་མོ་མོ་ཀྲུང་ཡོན་ལགས་ཀྱིས་ཆེས་སྤྱིར་བཏང་མིན་པའི་གཤེར་གཟུགས་ཏེ། ཆུའི་སྐོར། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་དང་།

ཉིན་གསུམ་པར་སློབ་དཔོན་ཆེན་མོ་ལི་ཡོན་ཀྲུག་ལགས་ཀྱིས་ཡུན་གནས་ཐུབ་པའི་འཛམ་གླིང་ལ་འཁྲིལ་པའི་དཀའ་ངལ་དང་གོ་སྐབས་ཀྱི་སྐོར་ལ་གསུང་བཤད་གནང་རྗེས་ཉིན་གསུམ་རིང་གི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་རིགས་ཚན་རིག་པ་མཉམ་དུ་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་བགྲོ་གླེང་ཐེངས་དང་པོ་ལེགས་པར་མཇུག་གྲུབ་སོང་།