19
Fri, Apr

༢༠༡༨ལོའི་༡༠པའི་༢༦ཉིན། ཉི་ཧོང་གི་སྲིད་བློན་ཤིང་ཟོ་ཨ་བྷེ་རྒྱ་ནག་ཏུ་ཕེབས་སྐབས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་༡༠པའི་༢༦ཉིན། ཉི་ཧོང་གི་སྲིད་བློན་ཤིང་ཟོ་ཨ་བྷེ་རྒྱ་ནག་ཏུ་ཕེབས་ཡོད་པ་དང་། ཁོ་རང་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོར་འབྱོར་སྐབས། རྒྱ་ནག་གི་དམག་མི་རོལ་དབྱངས་ཚོགས་པས་ཉི་ཧོང་གི་རྒྱལ་གླུ་དབྱངས་སུ་གྱེར་ཞིང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས། ཚེས་༢༧ཉིན། ཉི་ཧོང་གི་ཞོགས་པའི་གསར་འགྱུར་གྱི་འགོ་བརྗོད་དུ། རྒྱ་ནག་དང་ཉི་ཧོང་གི་འབྲེལ་བ་ཡང་དག་པའི་ལམ་དུ་བསྐྱོད། ཅེས་བཀོད་འདུག

རྒྱ་ནག་དང་ཉི་ཧོང་གི་འབྲེལ་བ་ཇེ་བཟང་དུ་འགྲོ་བཞིན་ཡོད་པའི་ཐད་ལ་ཐའེ་ཝན་གྱིས་དམིགས་བསལ་དོ་སྣང་བྱེད་ཀྱིན་འདུག དེ་ཡང་ཚེས་༢༥ཉིན། ཐའེ་ཝན་ཕྱི་འབྲེལ་སྡེ་ཁག་གིས་བརྗོད་དོན་ལྟར་ན། རྒྱ་ནག་དང་ཉི་ཧོང་གི་མཐོ་རིམ་མི་སྣ་མཇལ་འཕྲད་གནང་བ་དེས་ཐའེ་ཝན་དང་ཉི་ཧོང་གི་འབྲེལ་བར་ཤུགས་རྐྱེན་མི་ཐེབས་པར་མ་ཟད། ས་ཁུལ་བདེ་འཇགས་ཀྱི་ཐད་ལའང་ཕན་ཐོགས་ཀྱི་འདུག་ཅེས་བརྗོད་འདུག གཞན་ཡང་རྒྱ་ནག་དང་ཉི་ཧོང་གི་འབྲེལ་བར་རྒྱུས་མངའ་ཆེ་བའི་མེན་ཅིན་ཏང་གི་མཐོ་རིམ་མི་སྣ་ཞིག་གིས་བརྗོད་པ་ལྟར་ན། རྣམ་པ་གསར་པའི་གནས་ཚུལ་འདི་ལ་ང་ཚོས་དོགས་ཟོན་དང་ལྟ་རྟོག་བྱེད་དགོས་ཞེས་བརྗོད་འདུག

གསར་ལམ་ཁ་ཤས་ནས་བརྗོད་གསལ་ལྟར་ན། རྒྱ་ནག་དང་ཉི་ཧོང་གི་འབྲེལ་བ་ཇེ་བཟང་དུ་སོང་བར་བརྟེན་ནས། ཐའེ་ཝན་དང་ཉི་ཧོང་གི་མ་འོངས་པའི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བར་ཐའེ་ཝན་ངོས་ནས་སེམས་ཁྲལ་བྱེད་ཀྱིན་ཡོད་པའི་སྐོར་བརྗོད་འདུག་ཅིང་། དོན་དངོས་སུ་བཤད་ན། ༢༠༡༦གི་ལོར་ཚལ་ཡུན་ཝིན་ཐའེ་ཝན་སྲིད་འཛིན་ལ་བསྡད་པ་ནས་བཟུང་། ཐའེ་དང་ཉི་ཧོང་གི་འབྲེལ་བ་མང་ཚོགས་ཀྱི་ཁྲོད་ན་ཡག་པོ་ཡོད་པའི་རྣམ་པ་ཞིག་ཡོད་ཀྱང་། གཞུང་ཕྱོགས་ནས་སྔར་བཞིན་ཡར་རྒྱས་ཀྱི་རྣམ་པ་ཞིག་བྱུང་མི་འདུག དེ་ཡང་༢༠༡༧དང་༢༠༡༨ལོར། ཉི་ཧོང་དང་ཐའེ་ཝན་གྱི་བར་ལ་འབྲེལ་བ་ཏོག་ཙམ་བྱུང་ཡང་། དེ་ནི་ཉི་ཧོང་གི་ངོས་ནས་བཤད་ན། མང་ཚོགས་ལ་རྣམ་པ་སྟོན་བྱེད་ཙམ་ལས་གཞུང་གི་ལས་དོན་ཞིག་ཏུ་བརྩིས་མི་འདུག

སྲིད་དོན་དཔྱད་བརྗོད་པ་ཚོས་བརྗོད་པ་ལྟར་ན། ༢༠༢༠ལོར་ཉི་ཧོང་ནས་ཨོ་ལིམ་ཕིག་འཚོག་རྒྱུ་ཡིན་པ་དང་། ༢༠༡༩ལོར། ཉི་ཧོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཉི་ཧོང་དུ་གདན་འདྲེན་ཞུ་འཆར་ཡོད་པར་མ་ཟད། ད་དུང་རྒན་ཡོལ་ཞུས་མ་ཐག་གི་གོང་མ་དེར་ཡང་མཇལ་འཕྲད་གནང་འཆར་ཡོད་འདུག དེའི་ཐད་ལ་ཕྱི་ཕྱོགས་ནས་རྒྱ་ནག་ལ་གནོད་ཤུགས་སོགས་མེད་པ་རེད། དེར་བརྟེན། ཉི་ཧོང་གིས་རྒྱ་ནག་ལ་བཟུང་བའི་འབྲེལ་བ་ཇེ་བཟང་དུ་བཏང་བར་བརྟེན་ནས། ཐའེ་ཝན་དང་ཉི་ཧོང་གི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་ཕལ་ཆེར་སྔོན་དཔག་བྱེད་ཐུབ་ཀྱི་འདུག་ཅེས་བརྗོད་བཞིན་འདུག

ཐེངས་འདིའི་ཉི་ཧོང་དང་རྒྱ་ནག་གི་མཐོ་རིམ་མི་སྣ་མཇལ་འཕྲད་གནང་སྐབས། ཐའེ་ཝན་དང་ནན་ཧེ། ཉ་འཛིན་གླིང་ཕྲན་སོགས་དང་འབྲེལ་བའི་ལོ་རྒྱུས་ཀྱི་གནད་དོན་ཐད་ནས་གྲོས་མོལ་གནང་མི་འདུག་ལ། དེ་དག་ནི་ཐེངས་འདིའི་རྒྱལ་ཁབ་གཉིས་ཀྱི་མཇལ་འཕྲད་ཀྱི་དམིགས་ཡུལ་ཡང་རེད་མི་འདུག ཐེངས་འདིའི་མཇལ་འཕྲད་ཀྱི་དམིགས་ཡུལ་གཙོ་བོ་ནི། ཕྱོགས་གཉིས་ཀའི་འབྲེལ་བ་བདེ་འཇགས་ཡོང་ཕྱིར་ཡིན་པར་བརྗོད་ཀྱིན་འདུག ཉི་ཧོང་དང་རྒྱ་ནག་གཉིས་ཐད་ནས་དཔལ་འབྱོར་དར་སྤེལ་གྱི་ལམ་ཁ་གསར་པ་ཞིག་བསྐྲུན་འདོད་ཀྱིན་འདུག་ཅིང་། ཁྱད་པར་དུ་རྒྱ་ནག་ལ་མཚོན་ན། ཨ་རི་དང་ཚོང་འབྲེལ་བྱེད་པའི་ལམ་ཁར་གནོད་སྐྱོན་ཐེབས་མ་ཐག་ཡིན་སྟབས། ཚོང་འབྲེལ་གྱི་ལམ་ཁ་གསར་པ་ཞིག་དགོས་ཀྱི་ཡོད། དེར་བརྟེན། གནས་སྐབས་རང་ཉི་ཧོང་ལ་འཛིན་པའི་དགྲའི་བསམ་བློ་དེ་དོར་ཏེ། དཔལ་འབྱོར་གྱི་ཐོག་ནས་མཉམ་འབྲེལ་བྱེད་འདོད་ཡོད་པ་རེད། ཡིན་ནའང་། ཐའེ་ཝན་གྱིས་ཉི་ཧོང་ཨ་རིའི་ཕྱོགས་སུ་འགྲོ་རྒྱུ་ཡིན་ནམ། ཡང་ན་རྒྱ་ནག་གི་ཕྱོགས་སུ་འགྲོ་རྒྱུ་ཡིན་པའི་ཐད་ལ་དོ་སྣང་བྱེད་ཀྱིན་ཡོད།

ཐའེ་ཝན་མེན་ཅིན་ཏང་གིས་མཐོ་རིམ་མི་སྣ་ཞིག་གིས་བརྗོད་དོན་ལྟར་ན། ཉི་ཧོང་དང་ཐའེ་ཝན་གཉིས་ཀྱི་འབྲེལ་བ་ནི་ཕྱི་ངོས་ནས་ཡག་པོ་མེད་པའི་རྣམ་པ་ཞིག་ཡོད་ན་ཡང་། ནང་ངོས་ནས་གྲོགས་པོ་ངོ་མ་ཡིན་པ་དང་། རིན་ཐང་ལྟ་ཚུལ་གཅིག་ཡིན་པ་དང་། འོན་ཀྱང་། རྒྱ་ནག་དང་ཉི་ཧོང་གི་འབྲེལ་བ་ནི་ཕྱི་ངོས་ནས་གྲོགས་པོ་ལྟ་བུའི་རྣམ་པ་ཞིག་ཡོད་ཀྱང་། ནང་ངོས་ན་རླུང་ནག་འཚུབ་མ་འཁོར་གྱི་ཡོད་པ་རེད་ཅེས་བརྗོད་འདུག དེ་ཡང་རྒྱ་ནག་དང་ཉི་ཧོང་གཉིས་ཀྱིས་ཚོང་ལས་ཆེན་པོ་རྣམས་མཉམ་འབྲེལ་བྱས་རྗེས། སླར་ཡང་འགྲན་རྩོད་དང་རྩོད་རྙོག་གི་ཁྲོད་དུ་གནས་ངེས་ཡིན།

དེ་ལྟར་ཡང་། ཐའེ་ཝན་དང་ཉི་ཧོང་གི་ནང་ངོས་ཀྱི་གྲོགས་པོའི་འབྲེལ་བ་དེའི་ཁྲོད་ནས། རྒྱ་ནག་དང་ཉི་ཧོང་གཉིས་ཀྱི་ཚོང་ལས་ཀྱི་ལམ་ཁ་གསར་པ་ཞིག་རྙེད་སྐབས། ཉི་ཧོང་གིས་ཐའེ་ཝན་གྱི་གྲོགས་པོའི་འབྲེལ་བ་དེ་བློས་གཏོང་བྱེད་དམ། རྒྱ་ནག་དང་ཉི་ཧོང་གཉིས་ཀྱི་འབྲེལ་བ་ཇེ་བཟང་དུ་འགྲོ་བཞིན་སྐབས་འདིར། ཐའེ་ཝན་གྱིས་ཀྱང་དོགས་ཟོན་མི་བྱེད་རང་བྱེད་དུ་གྱུར་ཡོད།