25
Thu, Apr

༢༠༡༨ལོའི་ཟླ་༡༠་ཚེས་༡༠་ཉིན་ཐའེ་ཝན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༡༠༧འཁོར་བའི་རྒྱལ་སྟོན་མཛད་སྒོ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༠ཚེས་༡༠ཉིན། ཐའེ་ཝན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༡༠༧འཁོར་བའི་རྒྱལ་སྟོན་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་ཤིང་། མཛད་སྒོའི་ཐོག་ཏུ་ཐའེ་ཝན་སྲིད་འཛིན་ཚད་ཡུན་ཝུན་གྱིས། མིག་སྔར་ཐའེ་ཝན་ལ་རྒྱལ་སྤྱི་རང་བཞིན་གྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། དེའི་འབྱུང་རྐྱེན་གཙོ་བོ་ནི་པེ་ཅིན་གཞུང་གིས་གནོན་ཤུགས་སྤྲད་པར་བརྟེན་ནས་འབྱུང་གི་ཡོད། ཅེས་པེ་ཅིན་གཞུང་ལ་སྐྱོན་བརྗོད་གནང་འདུག

དེ་ཡང་། སྲིད་འཛིན་ཚད་ཡུན་ཝུན་གྱིས་རྒྱལ་སྟོན་མཛད་སྒོ་དེའི་ཐོག་བརྗོད་དོན། དུས་ཡུན་འདི་དག་གི་རིང་ལ། རྒྱ་གཞུང་གིས་ཕྱི་འབྲེལ་དང་དམག་དོན་སོགས་ཀྱི་ཐད་ནས་ཐའེ་ཝན་ལ་གནོན་ཤུགས་མང་པོ་ཞིག་སྤྲད་པར་བརྟེན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཕོག་ཐུག་བཟོས་ཡོད་པར་མ་ཟད། ཐའེ་ཝན་གྱི་བདེ་འཇགས་དང་བརྟན་བརླིང་ལའང་གནོད་སྐྱོན་ཚབས་ཆེན་བཟོས། རྒྱ་གཞུང་གི་གནོན་ཤུགས་འོག་ནས། ང་ཚོས་རང་ཉིད་ཀྱི་རིན་ཐང་གི་ལྟ་ཚུལ་དེ་རྒྱུན་འཁྱོངས་བྱེད་ངེས་ཡིན་པ་དང་། བློ་བརྟན་འགྱུར་མེད་ཀྱི་རྣམ་པ་དེའང་སྔར་ལས་ཚད་མཐོ་བར་སྟོན་ངེས་ཡིན། ད་དུང་། རང་རྒྱལ་དང་བློ་ཁ་ཧ་ཅང་མཐུན་པའི་རྒྱལ་ཁབ་རྣམས་ཀྱིས་ཐའེ་ཝན་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་དུ་འཇུག་ངེས་ཡིན། ཞེས་བརྗོད་འདུག

སྲིད་འཛིན་ཚད་ཡུན་ཝུན་གྱིས་རྒྱལ་སྟོན་མཛད་སྒོའི་ཐོག་གཏམ་བཤད་གནང་རྗེས། སྲིད་དོན་ཞིབ་འཇུག་པ་ཚོས་དེའི་སྐོར་ལ་གླེང་སློང་སྣ་ཚོགས་བྱེད་ཀྱི་འདུག དེ་ཡང་། ཐའེ་ཝན་དགེ་ཐོན་སློབ་གྲྭའི་སྲིད་དོན་དགེ་རྒན་ཆེན་མོ་ཧྥན་ཧྲི་ཕིན་གྱིས། ངས་བསམས་ན། ཚད་ཡུན་ཝུན་གྱི་གཏམ་བཤད་ལ་ངར་ཤུགས་ལྡན་ཞིང་། ཁོ་མོས་ཐའེ་ཝན་གྱི་བརྟན་བརླིང་དང་འགྱུར་འགྲོས། ཡར་རྒྱས་བཅས་ཀྱི་སྐོར་ནས་བརྗོད་ཀྱི་ཡོད་ཀྱི་ཡོད་པར་མ་ཟད། དེ་དང་སྦྲགས་ད་དུང་ཐའེ་ཝན་གྱིས་རང་འགུལ་གྱི་སྒོ་ནས་རྩོད་རྙོག་མི་སློང་བ་དང་། དཀའ་ངལ་ལ་གདོང་ལེན་བྱེད་རྒྱུའང་འཇིགས་པ་དང་ཞུམ་པ་མེད་པའི་རྣམ་འགྱུར་སྟོན་བཞིན་འདུག མདོར་ན། ཁོ་མོའི་གཏམ་བཤད་དེ་ནི་སྔོན་མ་ལས་ཐག་ཆོད་རང་བཞིན་ལྡན་པ་ཞིག་རེད། ཅེས་བརྗོད་པ་དང་། དེ་ནས། ཐའེ་ཝན་རིག་མཛོད་ཀྱི་འགན་འཛིན་ཐན་ཡོ་ནན་གྱི་ལྟ་ཚུལ་ནི་དགེ་རྒན་ཆེན་མོ་ཧྥན་ཧྲི་ཕིན་གྱི་འདོད་ཚུལ་དང་ཅུང་མི་མཐུན་ཞིང་། ཁོས་འདི་ལྟར་བརྗོད་དོན། རྩ་བའི་སྲིད་ཇུས་ལ་འགྱུར་བ་ཆེན་པོ་མེད་པ་དང་། འགྲམ་གཉིས་ཀྱི་གནད་དོན་ནི་རྒྱལ་སྤྱི་རང་བཞིན་གྱི་གནས་བབ་ཅིག་ཏུ་གནས་ཡོད་པ་དང་། ཚད་ཡུན་ཝུན་གྱིས་བསྐྱར་དུ་རང་གི་ལང་ཕྱོགས་ལ་བསྐྱར་ནན་བྱས་པ་ཙམ་ལས་སྤྱིའི་སྲིད་ཇུས་ལ་འགྱུར་བ་ཕྱིན་མི་འདུག ཅེས་བརྗོད།

དེ་ནས། ཉེ་ཆར་ཨ་རྒྱ་གཉིས་ཀྱི་དཔལ་འབྱོར་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པར་བརྟེན། རྒྱལ་སྤྱིའི་དཔལ་འབྱོར་གྱི་ཐད་ལ་འགྱུར་ལྡོག་འབྱུང་གི་ཡོད་པའི་སྐོར་ནས། སྲིད་འཛིན་ཚད་ཡུན་ཝུན་གྱིས་འདི་ལྟར་བརྗོད་དོན། རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་ལ་འགྱུར་བ་ཤུགས་ཆེན་འགྲོ་བཞིན་ཡོད་པ་དང་། ཨ་རྒྱ་གཉིས་ཀྱི་དཔལ་འབྱོར་འབྲེལ་བའང་སྡུག་ཏུ་འགྲོ་བཞིན་ཡོད་པར་བརྟེན། རྒྱལ་སྤྱིའི་ཚོང་ལས་ཚོགས་ཁག་བསྐྱར་འཛུགས་བྱས་ཏེ། སྔར་གྱི་དཔལ་འབྱོར་སྒྲིག་གཞི་ལ་གནོད་སྐྱོན་ཐེབས་ངེས་རེད། འགན་འཁྲི་དང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ན། འཛམ་བུ་གླིང་ཡོངས་ལ་བསམ་བློ་གཏོང་མཁན་གྱི་ཡ་རབས་ཚུལ་ལྡན་གྱི་རྒྱལ་ཁབ་ཅིག་ཡིན་པ་ལས། རྙོག་དྲའི་འབྱུང་ཁུངས་ཀྱི་རྒྱལ་ཁབ་ཅིག་མིན། ཞེས་བརྗོད་དེ་ཚད་ཡུན་ཝུན་སྲིད་གཞུང་ཨ་རིའི་རྒྱབ་རྩ་ནས་ལངས་ཀྱི་ཡོད་པ་གསལ་པོར་བརྗོད།

སྲིད་དོན་ཞིབ་འཇུག་པ་ལ་ལས་བརྗོད་ན། ཨ་རི་དང་ཐའེ་ཝན་གྱི་གཉིས་ཀྱི་འབྲེལ་བ་ནི་སྔར་ལས་ཇེ་བཟང་དུ་འགྲོ་བ་དང་། ཐའེ་ཝན་གྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་བཅས་ནི་རྒྱ་གཞུང་དང་མི་མཚུངས་ཤིང་། དེ་ནི་ཚད་ཡུན་ཝུན་གྱིས་གཙོ་གནད་དུ་འཛིན་གྱི་འདུག་ཅིང་། ཨ་རི་དང་ཐའེ་ཝན་གཉིས་ཀྱི་རྩ་བའི་རིན་ཐང་ལྟ་ཚུལ་གཅིག་ཡིན་ཚུལ་སོགས་ཀྱི་སྐོར་བརྗོད་འདུག

གཞན་ཡང་། སྲིད་འཛིན་ཚད་ཡུན་ཝུན་གྱིས་རྒྱལ་སྟོན་མཛད་སྒོ་དེའི་ཐོག་བརྗོད་དོན། སྲིད་འཛིན་ཞིག་ཡིན་པའི་ཆ་ནས། ཧོལ་གྱིས་ངོ་རྒོལ་ཡང་མི་བྱེད་ལ། ཕྱིར་སྣུར་ཡང་མི་བྱེད། དེ་བཞིན་དུ། དུས་ཡུན་ཐུང་ཐུང་ཞིག་གི་ངར་ཤུགས་ལ་བརྟེན་ནས། དཀའ་རྙོག་བཟོ་མཁན་ལ་ངོ་རྒོལ་བྱས་ཏེ། འགྲམ་གཉིས་ཀྱི་གནས་སྟངས་ཉེན་ཁའི་གནས་སུ་ཡང་མི་སྐྱེལ། དེ་ལས་ཀྱང་སྒྲུབ་མི་ཕོད་པ་ནི། མི་མང་གི་མངོན་འདོད་དང་ཁ་བྲལ་ཏེ། ཐའེ་ཝན་ཀྱི་བདག་དབང་བློས་གཏོང་བྱེད་རྒྱུ་དེ་རེད། ཅེས་བརྗོད་དེ་ཐའེ་ཝན་གྱི་མང་གཙོ་དང་རང་དབང་། བདག་དབང་བཅས་ལ་བློ་བརྟན་འགྱུར་མེད་ཡིན་པའི་རྣམ་པ་ཤུགས་ཆེན་བསྟན་འདུག