20
Sat, Apr

༸གོང་ས་མཆོག་གིས་ཨ་མོ་སི་ཊམ་ནས་ཚན་རིག་པ་དང་ལྷན་དུ་བཀའ་མོལ་གནང་བཞིན་པ་།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༩་ཚེས་༡༥ཉིན། སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ནེ་ཏི་ལན་ཊིའི་རྒྱལ་ས(Amsterdam)ཨ་མོ་སི་ཊམ་ནས། ཡུ་རོབ་རྒྱལ་ཁབ་ཁག་ནས་ཕེབས་པའི་ཚན་རིག་པ་དང་ཆེད་མཁས་པ་རྣམས་ལ་མཇལ་འཕྲད་གནང་སྟེ། ལོ་ངོ་སུམ་སྟོང་གི་ལོ་རྒྱུས་ལྡན་པའི་རྒྱ་གར་གྱི་གནའ་བའི་ཤེས་རིག་གིས་འགྲོ་བ་མིའི་ནང་སེམས་ཀྱི་ཐད་ལ་ཞབས་འདེགས་རླབས་པོ་ཆེ་བསྐུན་ཡོད་སྐོར་གསུངས་ཏེ། གནའ་བའི་ཤེས་རིག་དེར་གུས་བརྩི་དང་བསྔགས་བརྗོད་གནང་།

སྐབས་དེར། ༸གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་ཤེས་རིག་གི་ཐད་ནས་གསུངས་དོན། ལོ་ངོ་སུམ་སྟོང་གི་གོང་ནས། རྒྱ་གར་གྱི་མཁས་པ་རྣམས་ཀྱིས་ནང་སེམས་ཀྱི་རིན་ཐང་དང་། ཤེས་པ། རྣམ་ཤེས་བཅས་ཀྱི་ཐད་ལ་བརྟག་དཔྱད་དང་ཞིབ་འཇུག་གནང་ཡོད་ཅིང་། ཤེས་པའི་སྐོར་ལ་གཏིང་ཟབ་པས་བརྟག་དཔྱད་གནང་ཆེད། ཞི་གནས་དང་ལྷག་མཐོང་ཞེས་པའི་སྒོམ་གྱི་རྣམ་གཞག་སྲོལ་བཏོད་ཡོད། དེར་བརྟེན། ངོས་ཀྱིས་བསམས་ན། བཅོམ་ལྡན་འདས་ཀྱི་རྣམ་དཔྱོད་ནི་རྒྱ་གར་གྱི་གནའ་བའི་ཤེས་རིག་གི་ཉིད་བཅུད་ཡིན་པར་འདོད། ཅེས་གསུངས། དེ་ནས། ནུབ་ཕྱོགས་པའི་མཁས་པ་རྣམས་ལ་ཤེས་པའི་ཐད་ནས་ཤེས་རྟོགས་ཅི་ཡོད་ཀྱི་སྐོར་ནས་ཁོང་གིས་གསུངས་དོན། ངོས་ཀྱིས་ལོ་མང་རིང་དེང་གི་སེམས་ཁམས་རིག་པ་དང་ལྷན་དུ་བགྲོ་གླེང་རིམ་པར་གནང་མཐར། སྤྱིར་ནུབ་ཕྱོགས་ཤེས་རིག་གི་རྨང་གཞི་ནི་ཕྱིའི་དངོས་པོ་ཡིན་པའི་ཤེས་རྟོགས་བྱུང་ཞིང་། ཤེས་པའི་ཐད་ནས། ཁོ་ཚོས་དབང་ཤེས་ཀྱི་དོན་དག་ཙམ་ཞིག་གླེང་གི་ཡོད་པ་ལས། ཡིད་ཤེས་ཀྱི་རིམ་པའི་ཐོག་ནས་ཤེས་པའི་སྐོར་གླེང་གི་མི་འདུག ཅེས་གསུངས།

ཚོགས་ཐོག་དེར། ལོ་ན་བཅོ་ལྔར་སོན་པའི་བུ་མོ་ཞིག་ཡོང་སྟེ་༸གོང་ས་མཆོག་དང་མཇལ་ཞིང་། ཁོ་མོར་ན་ཚ་ཞིག་བྱུང་ནས་ལག་གཉིས་མི་འདུག ཡིན་ན་ཡང་། ད་ལྟ་བཟོ་གྲྭ་ཞིག་དང་མཉམ་འབྲེལ་བྱས་ཏེ། ཁོ་མོར་འཕྲུལ་ཆས་ཀྱི་ལག་པ་ཞིག་བཟོས་ཡོད་པར་མ་ཟད། ཁོ་མོས་དེ་བེད་སྤྱོད་ཀྱང་གཏོང་གི་འདུག དེ་ནས་༸གོང་ས་མཆོག་གིས་འཕྲུལ་ལས་ལག་རྩལ་གྱི་ཐད་ནས་འདི་ལྟར་གསུངས་དོན། འཕྲུལ་ཆས་ནི་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་། འཕྲུལ་ཆས་ཀྱིས་མི་ལ་སྟངས་འཛིན་བྱེད་མི་ཐུབ། མིས་ད་གཟོད་འཕྲུལ་ཆས་ལ་སྟངས་འཛིན་བྱེད་ཀྱི་ཡོད། འཕྲུལ་ཆས་ཁོ་ན་ཡང་མ་རེད། ད་དུང་མིའི་ལུས་སེམས་དང་ཚོར་བ་སོགས་ཀྱང་མི་རང་ཉིད་ཀྱིས་སྟངས་འཛིན་གནང་དགོས། དེང་གི་འཕྲུལ་ལས་ལག་རྩལ་གྱིས་དབང་པོ་སྐྱོན་ཅན་རྣམས་ལ་ཕན་ཐོགས་ཀྱི་ཡོད་སྟབས། ངོས་ཀྱིས་འཕྲུལ་ཆས་དེ་དག་གསར་གཏོད་གནང་མཁན་གྱི་ཆེད་མཁས་པ་ཚོར་བསྔགས་བརྗོད་དང་རྗེས་སུ་ཡི་རང་གནང་གི་ཡོད། ཅེས་གསུངས།

དེ་ནས། ༸གོང་ས་མཆོག་གིས་ཚན་རིག་པ་ཚོར་རང་ཉིད་ཀྱི་ལས་ཀའི་ཁྱབ་ཁོངས་ཁྲོད་ནས་རྩ་བའི་ཀུན་སྤྱོད་ཀྱི་རིན་ཐང་དེ་འདོར་མི་རུང་བའི་འབོད་སྐུལ་གནང་བར་མ་ཟད། འཕྲུལ་ལས་ལག་རྩལ་གྱི་བཟོ་གྲྭ་དང་ཆེད་མཁས་པ་ཚོར་ཡང་དབུལ་ཕོངས་ས་ཁུལ་ལ་རོགས་རམ་གནང་བའི་འབོད་སྐུལ་གནང་། དེའི་ཐད་ལ་ཁོང་གིས་འདི་ལྟར་གསུངས་དོན། འཛམ་བུ་གླིང་གི་ས་ཆ་གང་ས་ན། མི་མང་པོ་ཞིག་གི་དབང་པོར་སྐྱོན་ཤོར་ཏེ་ན་ཚ་འདྲ་མིན་བྱུང་གི་ཡོད་སྟབས། སྔོན་ཐོན་གྱི་སྨན་ལས་ལག་རྩལ་དང་ཆེད་མཁས་ཚོས་དབུལ་ཕོངས་ས་ཁུལ་གྱི་མི་རྣམས་ལ་དམིགས་བསལ་གྱིས་གཟིགས་སྐྱོང་དང་རོགས་རམ་གནང་དགོས་ཀྱི་འདུག ཅེས་འབོད་སྐུལ་གནང་། མཇུག་མཐར། ༸གོང་ས་མཆོག་གིས་རྩེད་མཚར་གྱི་སྒོ་ནས་མང་ཚོགས་ལ་འདི་ལྟར་གསུངས། “གལ་ཏེ། ཚན་རིག་ལག་རྩལ་ལ་འགྲོ་བ་མིའི་སྤྱོད་ངན་གྱི་ཆ་རྣམས་ལེགས་བཅོས་གནང་སྟེ་མི་བཟང་པོ་ཞིག་ཏུ་སྒྱུར་བའི་ནུས་པ་ཡོད་པར་མ་ཟད། འགྲོ་བ་མིའི་རིགས་ལ་ཞབས་འདེགས་སྒྲུབ་མཁན་ཚོའི་ཚེ་ཐག་རིང་དུ་གཏོང་བའི་ནུས་པའང་ཡོད་ཚེ། མི་རིགས་ལ་ཁེ་ཕན་ཆེན་པོ་ཡོད་ངེས་རེད།”