22
Thu, Aug

༸གོང་ས་མཆོག་གིས་སུ་ཝི་ཌེན་མལ་མོ་མཐོ་སློབ་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་བཀའ་སློབ་བསྩལ་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༨ ཟླ་ ༩ ཚེས་ ༡༣ ཉིན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུ་ཝི་ཌེན་མལ་མོ་མཐོ་སློབ་དགེ་ལས་སློབ་ཕྲུག་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་བཀའ་སློབ་བསྩལ་འདུག

དེ་ཡང་༸གོང་ས་མཆོག་གིས་གསུངས་དོན། ད་ཆ་བོད་མི་རྣམས་བཙན་བྱོལ་བ་ཆགས་ནས་མི་ལོ་ ༦༠ ཙམ་འགྲོ་བཞིན་ཡོད་ཅིང་། བོད་མི་བཙན་བྱོལ་བ་ཆིག་འབུམ་ལྔ་ཁྲི་ཙམ་ཡོད། སྤྱིར་སྟངས་བཤད་ན། བོད་མི་བཙན་བྱོལ་བའི་སྒྲིག་འཛུགས་དེ་གོ་རིམ་ཚགས་ཚུད་ལྡན་པ་ཞིག་ཡིན་ཞིང་། རང་རྐང་ཚུགས་པ་ཙམ་མ་ཟད། ལོ་ངོ་སྟོང་གི་རིང་ནས་དར་སྲོལ་ཡོད་པའི་བོད་མིའི་ཐུན་མིན་ལེགས་བྱང་། གཙོ་ཆེར་ཤེས་ཡོན་བརྒྱུད་གཞན་ལའང་ཕན་པ་བསྒྲུབ་བཞིན་ཡོད། རྒྱ་གར་གནའ་རབས་དཔལ་ནཱ་ལེནྜ་ནས་དར་བའི་ལེགས་བཤད་དེ་དག་བོད་མི་ཚོས་དུས་རབས་བདུན་པ་བརྒྱད་པའི་སྐབས་ནས་གཅེས་ཉར་ཐོག་དུས་ད་ལྟའང་མུ་མཐུད་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད། ལེགས་བཤད་དེ་དག་གཙོ་ཆེར་རིག་ལམ་བརྒྱུད་དཔྱད་མཐར་སོན་པའི་རིག་པའི་གཞུང་ལུགས་ཤིག་ཡིན། དཔལ་ནཱ་ལེནྜའི་བསླབ་པའི་ལམ་སྲོལ་དེ་རིག་པའི་ལམ་ནས་དཔྱད་པ་བྱས་ཏེ་འགྲོ་དགོས་པ་ཞིག་རེད། ཐ་ན་སངས་རྒྱས་རང་ཉིད་ཀྱི་གསུང་ལའང་ང་ཚོས་དཔྱད་པ་བྱས་ནས་ཁས་ལེན་བྱེད་དགོས། ང་ཚོ་ནང་པ་རེད། ནང་པ་ཚོར་སངས་རྒྱས་རང་གི་གསུང་ལའང་རྒྱུ་མཚན་གང་ཡིན་དཔྱད་པ་བྱ་རྒྱུའི་ཐོབ་ཐང་ཡོད། དཔྱད་པ་བྱེད་སྐབས་གསུང་དེ་རིག་པའི་ལམ་དང་འགལ་བ་ཞིག་ཡིན་ན་སངས་རྒྱས་ཀྱི་གསུང་ཡིན་ནའང་དོར་ཆོག ལེགས་བཤད་དེ་དག་ནཱ་ལེནྜའི་རིག་གཞུང་རེད། ང་ཚོས་རིག་གཞུང་དེ་དག་བདག་གཅེས་བྱས་པ་མ་ཟད། བོད་སྐད་རང་གི་ཐོག་ནས་འཆད་གཉེར་བྱེད་བཞིན་ཡོད། དུས་རབས་བརྒྱད་པ་ཙམ་ནས་ལེགས་སྦྱར་སྐད་གཙོ་བོར་འཛིན་ནས་བོད་སྒྱུར་ཞུས་ཡོད་པར་མ་ཟད། པཱ་ལིའི་སྐད་ནས་ཀྱང་གཞུང་འགའ་བསྒྱུར་ཡོད

དེར་བརྟེན་བཀའ་འགྱུར་པོ་ཏི་བརྒྱ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་ཙམ་ཡོད། ལེགས་བཤད་དེ་དག་གཅེས་ཉར་ཆེད་ང་ཚོས་འབད་བརྩོན་གང་ཡོད་བྱས་ཡོད། རྒྱ་གར་གཞུང་ནས་ཀྱང་རོགས་རམ་ཧ་ཅང་གནང་བྱུང་། རྒྱ་གར་གྱི་སྲིད་བློན་ཆེས་ཐོག་མ་སྐུ་ཞབས་ནེ་རུ་མཆོག་གིས་བོད་མི་ཚོར་ཆོས་དང་རིག་གཞུང་གཅེས་འཛིན་བྱ་རྒྱུར་མཐུན་འགྱུར་རོགས་རམ་ཧ་ཅང་གནང་བར་བརྟེན་དམ་པ་ཁོང་ང་ཚོར་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན། གནའ་རབས་ལེགས་བཤད་དེ་དག་རྒྱུན་འཛིན་ཙམ་མ་ཟད། དེང་དུས་ཤེས་ཡོན་ཐོག་ལའང་ནེ་རུས་རྒྱབ་སྐྱོར་ཧ་ཅང་གནང་བྱུང་། ང་ཚོ་བཙན་བྱོལ་བ་ཆགས་ནས་མི་ལོ་ ༦༠ ཕྱིན་སྟབས་ངོ་ཤེས་གྲོགས་པོ་རྙིང་པ་མང་པོ་ཞིག་དྲན་ཡུལ་ནས་བརྗེད་འདུག སྐྱབས་བཅོལ་བ་ཞིག་གི་མི་ཚེའི་ནང་ལོ་དྲུག་ཅུ་བརྗོད་སྐབས་དུས་ཚོད་ཧ་ཅང་རིང་ཡང་། རྒྱལ་ཁབ་གཅིག་གི་གནས་སྟངས་ཐོག་ནས་བརྗོད་ན་དུས་ཚོད་རིང་པོ་གང་ཡང་མ་རེད། རྒྱ་རིགས་ས་གཤིས་དཔྱད་རིག་པ་ཁག་ཅིག་གིས་བརྟག་དཔྱད་བྱེད་སྐབས། བོད་མཐོ་སྒང་སྟེང་འགྲོ་བ་མི་ཆགས་ནས་ལོ་ངོ་གསུམ་ཁྲི་ལྔ་སྟོང་ཙམ་འགྲོ་བཞིན་ཡོད་པ་ར་སྤྲོད་ཐུབ་འདུག དུས་ཚོད་ཧ་ཅང་ཡུན་རིང་པོ་རེད། བོད་ནི་ས་མཐོ་ཞིང་སྐམ་ས་རེད། བོད་མི་ཚོ་ས་མཐོར་སྐྱེས་པར་བརྟེན་ང་ཚོའི་གློ་བ་ཤུགས་ཆེ་ཞིང་ལུས་ཟུངས་ཡག་པོ་ཡོད། ཅེས་ཞལ་ཤོབ་མཛད་རྗེས་མུ་མཐུད་བཀའ་སློབ་སྩལ་དོན།

རྒྱ་གར་ནང་སྐྱེས་པའི་བོད་མི་དམག་སར་རྒྱ་གར་དམག་མི་ཚོ་དང་ལྷན་རི་མཐོ་སར་སྡོད་སྐབས་རྒྱ་གར་བ་ཚོར་དབུག་མ་འདང་པའི་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་བོད་ཕྲུག་རྒྱ་གར་ས་དམའ་སར་སྐྱེས་ཀྱང་རི་མཐོན་པོར་འཚོ་སྡོད་བྱ་རྒྱུའི་ཕ་མེས་ཀྱི་རྫས་རྒྱུན་ཁྲག་ནང་ཡོད་སྟབས་དཀའ་ངལ་གང་ཡང་མེད་པར་འཚོ་སྡོད་བྱེད་ཐུབ་བཞིན་ཡོད། ང་ཚོ་བོད་མི་ཚོར་མཚོན་ན་སོ་སོའི་སྐད་དང་ཡི་གེ་ཡོད་པ་ཙམ་དུ་མ་ཟད། དེར་གཞི་བཅོལ་བའི་མིའི་བསམ་བློའི་འགྲོ་སྟངས་དང་སེམས་ཁམས་རིག་པའི་རྣམ་གཞག་སྐོར་ལེགས་བཤད་ཧ་ཅང་ཕྱུག་པོ་ཡོད། ལྷག་པར་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་སྐོར་ལ་མཚོན་ན་དེང་དུས་ནུབ་ཕྱོགས་ཚན་རིག་པ་ཚོར་ལེགས་བཤད་གསར་པ་ལྟ་བུ་ཡིན་ཡང་རྒྱ་གར་ནང་ལོ་ངོ་ཉིས་སྟོང་དྲུག་བརྒྱ་གོང་ནས་ཡོད་སྐོར་རྒྱ་གར་དངོས་ཁམས་རིག་པའི་ཚན་རིག་པ་གྲགས་ཅན་རཱ་ཇ་རམན་ནཱ་དམ་པ་ཁོང་གིས་ངོས་ལ་གསུང་མྱོང་ཡོད། དེ་ནི་དངོས་བདེན་རེད། ངོས་རང་ལོ་ངོ་ ༣༠ ལྷག་རིང་ཚན་རིག་པ་དང་ལྷན་བགྲོ་གླེང་སོགས་བྱས་མྱོང་ཡོད། ཚན་རིག་པ་དེ་དག་ཕལ་མོ་ཆེ་འཇིག་རྟེན་ཁམས་ཀྱི་རིག་པ་དང་། དབང་རྩའི་ཚན་རིག་པ། དངོས་ཁམས་ཚན་རིག་པ། ལྷག་པར་ཚད་རྡུལ་དངོས་ཁམས་ཚན་རིག་པ། དེ་བཞིན་སེམས་ཁམས་རིག་པའི་ཚབ་རིག་པ་བཅས་རེད། ངོས་ཀྱིས་ལོ་ངོ་སུམ་ཅུ་ལྷག་རིང་ཚན་རིག་པ་གྲགས་ཅན་དེ་དག་དང་ལྷན་བགྲོ་གླེང་སྐབས་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་སྐོར་གླེང་སྐབས་རྒྱུས་མངའ་ཡོད་པ་ལྟ་བུ་ཡོང་གི་འདུག དེ་ནི་རྒྱ་གར་གནའ་རབས་ཀྱི་སློབ་དཔོན་དེ་དག་གིས་གསུང་ཟིན་པར་བརྟེན་བྱུང་བ་རེད། སློབ་དཔོན་དེ་དག་གིས་ཆོས་རྣམས་རྟོག་པས་བཏགས་པ་ཙམ་ལས་རང་ངོས་ནས་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པ་གསུང་ཡོད། ཅེས་སོགས་ཀྱི་བཀའ་སློབ་བསྩལ།

གསལ་བསྒྲགས་ཀྱི་ས་མིག