16
Tue, Apr

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་རི་ཆར་སུན།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ༧ཚེས་༢༩ཉིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྙན་ཐོ་བཏོན་པའི་ནང་དུ། རྒྱ་གཞུང་གིས་ནག་ཚོགས་གཙང་སེལ་ལས་འགུལ་ཞེས་པ་དེ་ཁ་འཁྱེར་ནས་ཆབ་སྲིད་ཕྱོགས་འགལ་པར་དོགས་པ་དང་བོད་མི་དཀྱུས་མར་དྲག་གནོད་བྱེད་བཞིན་ཡོད་པ་རེད་ཅེས་དང་། བོད་པའི་བླ་མས་བོད་སྤྱི་ཚོགས་དང་ཁྱིམ་ཚང་ནང་རྙོག་འཛིང་ཞི་འཇམ་བྱེད་པའི་སྲོལ་རྒྱུན་ལུགས་སྲོལ་རྣམས་ཡང་ཁྲིམས་འགལ་བརྩི་བཞིན་པ་རེད་འདུག ཅེས་གསལ་འདུག

རྒྱ་གཞུང་གིས་༢༠༡༢ནས་བཟུང་བོད་པའི་སྤྱི་ཚོགས་ནང་ལས་འགུལ་སྣ་ཚོགས་སྤེལ་བ་ནི་ཁྲིམས་འགལ་གྱི་བྱ་བ་ཡིན་པ་བརྩི་བཞིན་ཡོད་པ་རེད། དེ་བཞིན་ཆབ་མདོ་དང་རྨ་ལྷོ་ས་ཁུལ་དུ་གཞུང་གི་ཆོག་མཆན་མེད་པའི་འོག་མི་ལྔ་ལས་མང་བའི་ཚོགས་པ་འཛུགས་ན་ཁྲིམས་འགལ་ཡིན་པ་དང་། ད་དུང་བོད་སྐད་ཡིག་ཡར་རྒྱས་ལས་འགུལ་དང་དང་རིག་གཞུང་སྲུང་སྐྱོབ། ཆོས་སྤེལ་བ། འཁོར་ཡུག་དང་རི་དགས་སེམས་ཅན་སྲུང་སྐྱོབ་བྱེད་པ་ནི་བོད་རང་བཙན་ཟིང་སློང་ཞིག་དང་། རྒྱ་ནག་ཁ་གཏད་དུ་ལངས་བའི་ཕྱི་རྒྱལ་བ་དང་ངན་པ་དཔུང་བསྡེབས་བྱེད་པ་ཡིན་པའི་ཁྲིམས་འགལ་བྱ་བ་ཡིན་པའི་སྲིད་བྱུས་བཏོན་འདུག་པ་རེད།

འགྲོ་བ་མིའི་ཐོབ་ཐང་ཚོགས་པས་བརྗོད་དོན། རྒྱ་ནག་ནི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་མི་ཡིན་པ་ཆགས་ནས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཁས་ལེན་བྱས་ཡོད་པ་དང་། དེ་དག་ནང་ནས་ཚོགས་པ་གསར་འཛུགས་བྱེད་པའི་རང་དབང་དང་། སྨྲ་བརྗོད་རང་དབང་། རིག་གཞུང་གི་བྱ་འགུལ་ནང་འཛུལ་ཞུགས་ཆོག་པའི་ཐོབ་ཐང་ལ་སྲུང་རྩིས་དང་གོང་སྤེལ་གཏོང་དགོས་པ་བཅས་ཡིན། འོན་ཀྱང་ཉེ་སྔོན་རྒྱ་ནག་གི་སྲིད་བྱུས་གསར་བ་རྣམ་ནི་གཞི་རྩ་ནས་འགྲོ་བ་མི་སྤྱིའི་ཐོབ་ཐབ་ལས་རྒས་ཡོད་པ་དང་། ལྷག་པར་དུ་བོད་ནང་ཐོབ་ཐང་འདི་དག་བརྩི་མེད་གཏོང་བཞིན་ཡོད་པ་རྣམས་མྱུར་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་འདུག

དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་འབྲེལ་ཡོད་གཞུང་དག་གིས་ངེས་པ་དུ་རྒྱ་ནག་འགོ་ཁྲིད་དག་ལ་སྲིད་བྱུས་འདི་དག་གིས་བོད་ནང་ལ་སྨྲ་བརྗོད་རང་དབང་དང་ཞི་བའི་ཚོགས་འདུ་བ། དེ་བཞིན་རང་དབང་ངང་ཚོགས་པ་འཛུགས་པ་སོགས་ལ་དམ་བསྒྲགས་བྱེད་བཞིན་པར་དང་ལེན་བྱེད་དགོས་པ་དང་ཁྲིམས་ལ་སྲུང་བརྕི་བྱེད་དགོས་པའི་འབོད་སྐུལ་ཞུ་འདུག་པ་མ་ཟད། འདི་དག་ནི་ཟླ་༨ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་༼མི་རིགས་དབྱེ་དབྱེད་རིགས་རྩ་མེད་གཏོང་བའི་རྒྱལ་སྤྱིའི་ཚོགས་འདུ༽ཐོག་ཏུ་གནས་དོན་འདི་ངེས་པ་དུ་གླེལ་དགོས་ཞེས་རེ་སྒུལ་ཞུ་འདུག

རྒྱ་ནག་གཞུང་གིས་རྟག་དུ་བོད་མི་ཚོ་ལ་རང་དབང་ཡོད་པ་དང་གྲངས་ཉུང་མི་རིགས་གཞན་དང་འདྲ་བ་ཐོབ་ཏང་འདྲ་མཉམ་ཡོད་པ་བསྒྲགས་གྱི་ཡོད་རུང་། དངོས་ཡོད་གནས་ཚུལ་ནང་བོད་མི་རྣམས་ཉིན་རེར་དྲག་གནོན་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་འགྲོ་བ་མིའི་སྤྱིའི་གཞི་རྩའི་ཐོབ་ཐང་མེད་པ་རེད། ཅེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་རི་ཆར་སུན་གསུངས་འདུག