22
Thu, Aug

༢༠༡༩ལོའི་ཟླ་༨་ཚེས་༣་ཉིན། ༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིར་མཇལ་འཕྲད་གནང་འདུག པར། རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༨་ཚེས་༣་ཉིན། བཞུགས་སྒར་རྡ་སར་རྒྱལ་བའི་ཕོ་བྲང་དུ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སོགས་ལ་མཇལ་ཁ་གནང་ནས། ད་ལྟའི་བར་དུ་ཨ་རིས་བོད་ཀྱི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་བོད་གཞིས་བྱེས་གཉིས་ཀྱི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཡས་མས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་སའི་བཞུགས་སྒར་ཕོ་བྲང་དུ་ཨ་རིའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ ༦ དང་སྐུ་ཟླ་རྣམ་པ། འབྲེལ་ཡོད་ལས་བྱེད། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་བཅས་ཁྱོན་མི་གྲངས་ ༣༢ ལ་མཇལ་འཕྲད་དང་། ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་འཐུས་མི་དང་མང་གཙོ་ཚོགས་པའི་ཚོགས་མི་ཌེ་ཝེ་ཌི་ཕི་རི་སི་(David Price)ལགས་དང་། སུ་སན་ཌའེ་ཝེ་སི་(Susan Davis) ལགས། ཇེ་རི་ཁོ་ནོ་ལི་(Gerry Connolly)ལགས་བཅས་གསུམ་དང་། ཨ་རིའི་གྲོས་ཚོགས་འཐུས་མི་དང་སྤྱི་མཐུན་ཚོགས་པའི་ཚོགས་མི་ཝན་རྦུ་ཁ་ནཱན་(Vern Buchanan)ལགས་དང་། ཎིལ་ཌོན་(Neal Dunn) ལགས། ཇོན་རཱ་ཐ་ཧྥོ་ཌི་(John Rutherford)ལགས་བཅས་གྲོས་ཚོགས་འཐུས་མི་དྲུག་དང་ཕྱག་རོགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས། ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་སོགས་ལ་བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་དུ་མཇལ་ཁ་གནང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་མཆོག་གི་མཛད་འགན་ཆེན་པོ་བཞི་ཡི་སྐོར་ལ་བཀའ་སློབ་དང་འབྲེལ་བོད་ཀྱི་ཆོས་དང་རིག་གཞུང་ཕྱུག་པོ་ཞིག་ཡོད་པ་འདི་ཉིད་མུ་མཐུད་དུ་གནས་ཐབས་ལ་སྐད་ཡིག་རྒྱུན་འཛིན་སྲུང་སྐྱོབ་བྱེད་དགོས་པ་སོགས་བཀའ་སློབ་སྩལ།

སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་བྱམས་བརྩེ་གོང་སྤེལ་གྱིས་མཚོན་པའི་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ལ་རྒྱབ་སྐྱོར་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་ནས་མུ་མཐུད་དེ་དར་སྤེལ་གནང་རོགས་ཞེས་ཞུས་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་འཐབ་རྩོད་དང་མང་གཙོ། རང་དབང་བཅས་ལ་རྒྱབ་སྐྱོར་ཡོད་སྐོར་གསུངས། དེ་ནས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་ཌེ་ཝེ་ཌི་ལགས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་པེ་ལོ་སི་(Nancy Pelosi)ལགས་ཀྱིས་བསྐུར་པའི་ཕྱག་འཕྲིན་ཞིག་༸གོང་ས་མཆོག་ལ་ཕུལ་བ་དང་། ཕྱག་འཕྲིན་དེའི་ནང་དུ། ད་ལྟའི་དུས་ཚོད་གཉན་འཕྲང་ཅན་འདིར་ཁྱེད་ཀྱི་སློབ་སྟོན་ང་ཚོ་ཚང་མར་དགོས་མཁོ་ཧ་ཅང་ཆེ་བས་མུ་མཐུད་སློབ་སྟོན་གནང་རོགས་ཞེས་དང་། གཞན་ཡང་། བོད་ཀྱིས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་གནང་བཞིན་པར་རྒྱབ་སྐྱོར་ཡོད་པ་སོགས་འཁོད་ཡོད་པ་༸གོང་ས་མཆོག་གིས་ལྗགས་ཀློག་མཛད།

དེ་ནས་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་གི་ཚོགས་གཙོ་ལགས་ནས་ཨ་རིའི་སྲིད་དོན་ཚོགས་པ་ཕྱོགས་གཉིས་ཀ་ནས་འཛམ་གླིང་ཁྱོན་ལ་མང་གཙོ་དང་རང་དབང་གོང་སྤེལ་ལ་ལས་འགན་འཁྱེར་གྱི་ཡོད་པ་སྙན་སྒྲོན་ཞུས་པ་དང་། ༸གོང་ས་མཆོག་གིས་དེ་སྔ་ཉི་ཧོང་གི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་བ་ ༩༢ དང་མཇལ་འཕྲད་ཀྱིས་བཀའ་མོལ་གནང་བ་ཕྱིར་དྲན་དང་འབྲེལ། མགོན་པོ་གང་ཉིད་མཆོག་སྐྱབས་བཅོལ་བ་གཞན་ལྟར་རང་ཡུལ་དུ་ག་དུས་ལོག་ཐུབ་ན་བསམ་པ་གཅིག་པུའི་ངང་སྡོད་མཁན་མ་ཡིན་པར། དངོས་ཡོད་དང་མཐུན་པར་དཔལ་འབྱོར་དང་འཛུགས་བསྐྲུན་གྱི་ཆ་ནས་རྒྱ་ནག་གིས་བོད་ལ་ཕན་ཐོགས་བྱེད་ཐུབ་པ་དང་། བོད་ལ་ནང་སེམས་ཀྱི་བདེ་ཐབས་དང་འབྲེལ་བའི་རིག་གཞུང་ཕྱུག་པོ་ཞིག་ཡོད་པ་དེས་མ་འོངས་པར་རྒྱ་མི་རིགས་ལ་ཕན་ཐོགས་བྱེད་ཐུབ། རྒྱ་ནག་གིས་ལོ་བདུན་ཅུའི་རིང་བོད་ཐོག་འཛིན་པའི་སྲིད་བྱུས་ལ་རྒྱ་ནག་གི་དཔོན་རིགས་ཚོས་དགོངས་བཞེས་གནང་དགོས་ཞེས་དང་། འཕྲལ་སེལ་ལ་མེ་མདས་ཐག་གཅོད་ཐུབ་པ་ལྟ་བུ་འདུག་ཀྱང་། ཕུགས་ལ་བདེན་པའི་ནུས་སྟོབས་ཆེ་བ་ཡོད་སྐོར་བཀའ་གནང་། གཞན་ཡང་། ཕྱི་ལོ་ ༡༩༦༠ ནས་བཙན་བྱོལ་བོད་མི་རྣམས་མང་གཙོའི་ལམ་དུ་བསྐྱོད་དེ་ད་ལྟའི་དུས་སུ་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ཡོད་པ་དང་། མང་གཙོའི་ལམ་ལུགས་རྒྱ་ནག་གིི་གོང་དུ་ཤོར་ནས་མང་གཙོ་མཚན་ཉིད་ཚང་བའི་ལམ་དུ་བསྐྱོད་བཞིན་ཡོད་སྐོར་སོགས་བཀའ་སློབ་སྩལ།

སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་ཇེ་རི་ཁོ་ནོ་ལི་ལགས་ཀྱིས་ཁོང་ཉིད་ཕྱི་ལོ་ ༡༩༨༦ ལོར་བོད་དུ་སོང་བ་དང་། དེ་དུས་བོད་མི་ཚོས་ཨུ་རུ་སིའི་མི་མ་ཡིན་པར་ཨ་རི་བ་ཡིན་པ་ཤེས་རྗེས་སྐད་ཆ་ནང་ཚགས་ཀྱིས་བཤད་ཀྱི་འདུག་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་མ་ཉམས་གནས་ཚེ་རྒྱ་ནག་གི་དཔུང་ཤུགས་ཀྱི་ཁ་གཏད་གཅོག་ཐུབ་ཀྱི་ཡོད་པར་ཡིད་ཆེས་བྱེད་བཞིན་པ་ངོས་འཛིན་བྱུང་སྐོར་༸སྙན་སེང་ཞུས་པ་དང་། གྲོས་ཚོགས་འཐུས་མི་གཞན་ཞིག་གིས་ཁོང་ཉིད་ན་གཞོན་ཕྲུ་གུ་ཚོའི་བདེ་དོན་སྐོར་ལ་ལས་འགུལ་སྤེལ་མཁན་ཞིག་ཡིན་པ་དང་། དེའི་ཐད་ལས་འགུལ་ཤུགས་ཆེ་རུ་གཏོང་ཐབས་གང་ཡོད་སོགས་གནས་དོན་མང་པོར་སློབ་སྟོན་ཞུས་རྗེས་བཀའ་ལན་སྩལ་བ་མ་ཟད།

ཨ་རིའི་སྲིད་འཛིན་ཧྥུ་རན་ཁུལ་ཌི་རོ་སེ་ཝེལ་ཊི་(Franklin D. Roosevelt) ལགས་ཀྱིས་ཕྱི་ལོ་ ༡༩༤༣ ལོར་ཕྱག་རྟགས་སུ་ཕུལ་བའི་ཆུ་ཚོད་གྲོས་ཚོགས་འཐུས་མི་རྣམས་ལ་གཟིགས་འབུལ་ཞུས། དེ་ནས་ཕོ་བྲང་དུ་ཉིན་གུང་ལྗགས་སྨིན་ལྷན་བཞེས་གནང་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མའི་སྐུ་ཚབ་ཚོགས་ཆུང་ལ། ད་ལྟའི་བར་དུ་ཨ་རིས་བོད་ཀྱི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་བོད་གཞིས་བྱེས་གཉིས་ཀྱི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱལ་བ་རིན་པོ་ཆེའི་དྲ་རྒྱ་ལས་བླངས།

གསལ་བསྒྲགས་ཀྱི་ས་མིག