19
Fri, Apr

༢༠༡༩ལོའི་ཟླ་༧་ཚེས་༡༡་ཉིན། འབྲས་སྤུངས་སྒོ་མང་ཝ་ཤུལ་མི་ཚན་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་འདས་མཆོད་ཚོགས་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༧་ཚེས་༡༡་ཉིན། རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་གདན་ས་གསུམ་གྱི་ཡ་གྱལ་འབྲས་སྤུངས་སྒོ་མང་ཝ་ཤུལ་མི་ཚན་དུ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པས་གོ་སྒྲིག་འོག འབྲས་སྤུངས་བློ་གསལ་གླིང་དང་། དགའ་ལྡན་བྱང་རྩེ་ནས་རིན་པོ་ཆེའི་སློབ་མ་ཡིན་པ་དགེ་བཤེས། གྲྭ་བཙུན། སློབ་ཕྲུག་བཅས་ནས་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་སྐུ་བཀྲོངས་ནས་མི་ལོ་ཧྲིལ་བོ་བཞི་འཁོར་བའི་དུས་དྲན་འདས་མཆོད་ཚོགས་འདུག

དེ་ཡང་། རྒྱ་གཞུང་གིས་སྤྲུལ་སྐུལ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཉེས་མེད་བཙོན་འཇུག་བྱས་ནས། ༢༠༡༥ལོའི་ཟླ་༧་ཚེས་༡༢་ཉིན་བཙོན་ཁང་ནང་དུ་སྐུ་བཀྲོངས་ཡོད་པ་དང་། ད་ལོ་ནི་ཁོང་སྐུ་བཀྲོངས་ནས་མི་ལོ་བཞི་འཁོར་བའི་ཉིན་གཅིག་སྔར་སྣུར་གྱི་ཚེས་༡༡་ཉིན། འབྲས་སྤུངས་སྒོ་མང་ཝ་ཤུལ་མི་ཚན་དུ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པས་གོ་སྒྲིག་འོག ཁོང་གི་སློབ་མ་དགེ་བཤེས། གྲྭ་བཙུན། སློབ་ཕྲུག་བཅས་ནས་བླ་མ་མཆོད་པའི་ཚོགས་འཁོར་དང་། འཇམ་དཔལ་མཚན་བརྗོད། མྱུར་བྱོན་གསོལ་འདེབས་གྲངས་གསོགས་གནང་འདུག

གཞན་ཡང་། ཚེས་༡༢་ཉིན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་འོག དབྱིན་ཇིའི་རྒྱལ་ས་ལོན་ཌོན་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་མཚན་ཐོག་གི་སྙིང་སྟོབས་གཟེངས་རྟགས་བྱ་དགའ་གནང་རྒྱུའི་མཛད་སྒོ་འཚོགས་རྒྱུ་ཡིན་འདུག འདི་ལོའི་གཟེངས་རྟགས་མཚན་གཞུང་ནང་དུ་བོད་ནང་གི་ཆབ་སྲིད་བཙོན་པ་པཎ་ཆེན་ཆུང་སྲིད་མཆོག་དང་། འབྲུག་ལོ་ལགས། འཇིགས་མེད་རྒྱ་མཚོ་ལགས། དཀོན་མཆོག་ཚེ་འཕེལ་ལགས། བཀྲིས་རབ་བརྟན་ལགས་བཅས་ཡོད་འདུག