20
Sat, Jul

༢༠༡༩ལོའི་ཟླ་༦་ཚེས་༢༦་ཉིན། ལོ་ངོ་དྲུག་ཅུའི་ལོ་རྒྱུས་མཚོན་པའི་པར་རིས་འགྲེམས་སྟོན་བྱས་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༦་ཚེས་༢༦་ཉིན། བཞུགས་སྒར་རྡ་ཤོད་བོད་ཁྱིམ་སློབ་གྲྭར་བོད་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་གཉིས་ཀྱིས་མཉམ་འབྲེལ་ཐོག བོད་མི་རྣམས་ཀྱི་ལོ་རྒྱུས་སོགས་ཀྱི་པར་རིས་ལམ་ནས་འགྲེམས་སྟོན་བྱས་ནས། རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་བརྩི་བྱས་སོང་།

དེ་ཡང་། དགུ་བཅུ་གསུམ་གྱི་ཚོགས་གཞོན་ཟླ་བ་བཀྲ་ཤིས་ཀྱིས་པར་རིས་འགྲེམས་སྟོན་འདི་བྱེད་དགོས་པའི་དམིགས་ཡུལ་གྱི་སྐོར་ནས་བརྗོད་དོན། དེ་རིང་གི་ཉིན་མོ་ནི་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་ཐེངས་༢༢་དེ་ཆགས་ཡོད་པ་དང་། འགྲེམས་སྟོན་འདི་ནི་ཉིན་མོ་འདི་སྲུང་བརྩི་བྱེད་པའི་ཆེད་དུ་ཡིན་ཞིང་། འདས་པའི་ལོ་ངོ་༦༠་ཡི་རིང་ལ་བོད་ནང་གི་བོད་མི་རྣམས་ཀྱིས་གདུག་རྩུབ་མནར་གཅོད་མྱངས་པའི་ལོ་རྒྱུས་དེ་སློབ་ཕྲུག་ཚོར་ངོ་སྤྲོད་བྱས་ཏེ། ཁོ་ཚོར་མནར་གཅོད་དང་། སྡུག་སྦྱོང་། གདུག་རྩུབ་སོགས་གང་འདྲ་ཞིག་ཡིན་པ་སེམས་ལ་ངེས་པར་བྱེད་པའི་པར་རིས་ཀྱི་འགྲེམས་སྟོན་ཞིག་ཀྱང་ཡིན། ཅེས་བཤད་སོང་།

ཡང་ཁོས་པར་རིས་འགྲེམས་སྟོན་དེ་སློབ་གྲྭར་ནས་བྱེད་དགོས་པའི་སྐོར་ནས། སློབ་ཕྲུག་གམ་གཞོན་སྐྱེས་ཚོ་ནི་མ་འོངས་པའི་བོད་ཀྱི་སོན་རྩ་དང་། བདག་པོ། མ་འོངས་པའི་རེ་བ་བཅོལ་ས་ཡིན་པས། མ་འོངས་བོད་ནི་ཇི་འདྲ་ཞིག་ཏུ་འགྱུར་མིན་དེ་འཚར་ལོངས་འབྱུང་བཞིན་པའི་ད་ལྟའི་སློབ་ཕྲུག་ཚོར་རག་ལས་ཡོད་ཅིང་། འདས་པའི་བོད་ཀྱི་ལོ་རྒྱུས་དང་བོད་མི་རྣམས་ཀྱིས་སྡུག་སྦྱོང་མནར་གཅོད་མྱངས་ཡོད་པ་སོགས་ཁོ་ཚོར་ངོ་སྤྲོད་བྱེད་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་པས་དེ་ལྟར་པར་རིས་འགྲེམས་སྟོན་བྱེད་ཀྱི་ཡོད། ཅེས་བརྗོད་སོང་།

ད་དུང་པར་རིས་ལ་བལྟས་རྗེས་འཆར་གཞི་གང་ཡོད་མེད་ཀྱི་ཐད་ནས་ཁོས། བོད་མི་ཚོས་མནར་གཅོད་མྱོང་གིན་ཡོད་པའི་པར་རིས་འགྲེམས་སྟོན་དེར་བལྟས་རྗེས། སློབ་ཕྲུག་ཚོས་རང་ཉིད་ཀྱི་འཆར་སྣང་དང་མྱོང་ཚོར་སོགས་རི་མོར་འབྲི་རུ་འཇུག་རྒྱུ་ཡིན་པ་དང་། དེ་ནས་རི་མོ་མཁས་པ་འགའ་ལ་བསྟན་ནས་རྩེ་ཕུད་རྣམས་ལ་བྱ་དགའ་འབུལ་རྒྱུ་ཡིན་པའི་འཆར་གཞི་ཡོད། ཅེས་ཀྱང་བཤད་སོང་།

གཞན་ཡང་ཁོས་པར་རིས་ཀྱི་བརྗོད་དོན་དང་ཁ་གྲངས་སོགས་ཀྱི་སྐོར་འདི་ལྟར་བརྗོད་དོན། པར་རིས་ཁག་དྲུག་ཅུ་དང་པར་རང་ཉིས་བརྒྱ་ལྷག་ཡོད་ཅིང་། པར་རིས་ཁག་དྲུག་ཅུ་འཇོག་དོན་ནི། འདས་པའི་ལོ་ངོ་དྲུག་ཅུའི་རྗེས་དྲན་གྱི་ཁག་ཅིག་དང་། རྒྱ་མིས་བོད་བཙན་བཟུང་མ་བྱས་གོང་གི་བོད་ཀྱི་གནས་བབ་མཚོན་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཡིན་པའི་པར་རིས་ཁག་ཅིག རྒྱ་མིས་བོད་ལ་བཙན་འཛུལ་བྱེད་སྐབས་ཀྱི་གནས་སྟངས་དང་བོད་མིས་ཇི་ལྟར་རྒོལ་ལན་བྱེད་པའི་སྐོར་གྱི་པར་རིས་ཁག་ཡོད། ད་དུང་། ལོ་རབས་བདུན་ཅུའི་ནང་དུ་བྱུང་བའི་རིག་གནས་གསར་བརྗེའི་སྐོར་གྱི་པར་རིས་དང་། ལོ་རབས་བརྒྱད་ཅུའི་ནང་དུ་རྒྱ་གཞུང་གི་འགོ་ཁྲིད་གསར་པ་བརྗེ་ལེན་བྱས་པར་བརྟེན་ནས་བོད་སོགས་ལ་འཛིན་པའི་སྲིད་ཇུས་ཇི་འདྲ་འགྱུར་བ་སོང་ཡོད་མེད་དང་འབྲེལ་བའི་པར་རིས། དེ་ནས་ས་བྱི་ཞི་རྒོལ་ཆེན་མོ་དང་ད་ལྟ་འབྱུང་བཞིན་པའི་རང་ལུས་མེར་སྲེག་སོགས་ཀྱི་གནས་སྟངས་མཚོན་པའི་པར་རིས་ཁག་བཅས་ཡོད་ཅིང་། མདོར་ན། ལོ་རྒྱུས་ཀྱི་འཕེལ་རིམ་ཆ་ཚང་ཕྱོགས་བསྡུས་བྱས་པའི་པར་རིས་འགྲེམས་སྟོན་ཞིག་ཡིན། ཅེས་བརྗོད་སོང་།

གསལ་བསྒྲགས་ཀྱི་ས་མིག