20
Sat, Apr

༢༠༡༩ལོའི་ཟླ་༦་ཚེས་༡༤་ཉིན། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱིས་བཞུགས་སྒར་རྡ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༦་ཚེས་༡༤་ཉིན། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱིས་བཞུགས་སྒར་རྡ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། བོད་པའི་སྤྱི་ཚོགས་ནང་ཤེས་འཇོན་ལྷག་བསམ་ལྡན་པའི་བོད་མི་གཞོན་སྐྱེས་ཤིག་ལ་ན་གཞོན་གཟེངས་རྟགས་ཀྱི་ལག་འཁྱེར་དང་ཧིན་སྐོར་འབུམ་གཅིག་འབུལ་རྒྱུ་ཡིན་འདུག དེའི་དམིགས་ཡུལ་ནི་གཟེངས་སུ་ཐོན་པའི་ན་གཞོན་ཚོར་སྤྱི་ཚོགས་ནང་ཆེ་མཐོང་དང་ངོས་འཛིན་འཐོབ་རྒྱུ་མ་ཟད། ན་གཞོན་མང་པོ་ཞིག་ལ་སེམས་ཤུགས་དང་བཟང་ཕྱོགས་ཀྱི་མིག་དཔེ་ཐེབས་པའི་ཆེད་དུའང་ཡིན་སྐོར་བརྗོད་སོང་།

དེ་ཡང་། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། འདི་ལོ་ནས་བཟུང་སྤྱི་ཟླ་༨་ ཚེས་ ༣་ ལ་ཚོགས་པ་དེ་དབུ་བརྙེས་པའི་ཉིན་མོ་དང་སྟབས་བསྟུན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་འཇོན་ལྷག་བསམ་ལྡན་པའི་བོད་མི་ན་གཞོན་ཞིག་ལ་གཟེངས་རྟགས་ཀྱི་ལག་འཁྱེར་དང་། དེའི་ཐོག་ཧིན་སྒོར་འབུམ་ ༡ གི་བྱ་དགའ་འབུལ་རྒྱུ་ཡིན་པར་བསྒྲགས་སོང་། འདི་ལོའི་ན་གཞོན་གཟེངས་རྟགས་འབུལ་བའི་ལས་འགུལ་གྱི་སྦྱིན་བདག་ནི་ནོར་རྒྱལ་ལག་ཤེས་བཟོ་ཚོང་དང་མནྡ་ལ་ཚོང་ལས་ཁང་སོགས་ཡིན་འདུག

ཐོག་མར་། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཉི་མ་ལགས་ཀྱིས། ང་ཚོའི་ཚོགས་པ་འདི་ཕྱི་ལོ་ ༢༠༡༦ ལོར་དྲ་ཐོག་ནས་བཙུགས་པ་རེད། ཚོགས་པའི་དམིགས་ཡུལ་ནི་མཐོ་སློབ་འགྲིམས་མཁན་སློབ་མ་རྣམས་ལ་མཐོ་རིམ་སློབ་གྲྭར་སློབ་འཇུག་བྱེད་པར་རོགས་རམ་བྱེད་རྒྱུ་དེ་ཡིན། རྗེས་སུ་སློབ་ཕྲུག་མང་པོ་ཞིག་གིས་སློབ་མ་སྤྱི་ཡོངས་ལ་ཁྱབ་ཐུབ་པའི་ཚོགས་པ་ཞིག་ཡོད་ན། ཧ་ལས་པའི་ཡག་པོ་ཡོད་པའི་བསམ་ཚུལ་མཐུན་པ་མང་པོ་བྱུང་བ་ལྟར། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཞེས་ཤེས་ཡོན་དང་། ཀུན་སློང་། ཆིག་སྒྲིལ་བཅས་ལྟ་གྲུབ་གསུམ་གྱི་ཐོག་ནས་གཞོན་སྐྱེས་སློབ་ཕྲུག་ཕན་ཚུན་བར་ལམ་སྟོན་དང་། རོགས་རམ། སེམས་ཤུགས་སྤར་ཐབས་ཀྱིས། བོད་པའི་གཞོན་སྐྱེས་ཚོ་འཛམ་གླིང་རྒྱལ་ཁབ་གཞན་གྱི་གཞོན་སྐྱེས་དང་དཔུང་པ་གཅིག་མཚུངས་ཀྱིས་འགྲོ་ཐུབ་ཆེད་དུ་བཟོས་པ་ཡིན། ཚོགས་པ་འདི་སློབ་ཕྲུག་རང་གི་ཚོགས་པ་ཞིག་ཡིན་སྟབས། ང་ཚོའི་ཚོགས་པའི་དམིགས་ཡུལ་ནི་ཆབ་སྲིད་དང་ཆོས་ལུགས་ཀྱི་ལངས་ཕྱོགས་མེད་པར། སློབ་མའི་ཤེས་ཡོན་དང་ནུས་པ་གོང་འཕེལ་གཏོང་རྒྱུ་ཁོ་ན་དེ་ཡིན། ཞེས་བརྗོད་སོང་།

དེའི་རྗེས་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་དྲུང་ཆེ་དང་ན་གཞོན་གཟེངས་རྟགས་ཀྱི་འགན་ཁུར་མཁན་ཉི་འོད་ལགས་ཀྱིས། ན་གཞོན་གཟེངས་རྟགས་འབུལ་དགོས་པའི་དགོས་དམིགས་གཙོ་བོ་ནི་ང་ཚོ་རྒྱལ་སྤྱིའི་སློབ་མའི་ལྷན་ཚོགས་ཀྱི་ལངས་ཕྱོགས་ནི་ཤེས་ཡོན་དང་། སྐུལ་འདེད། མཐུན་སྒྲིལ་བཅས་རྩ་དོན་གསུམ་གཞི་ལ་བཞག་སྟེ། བོད་མི་ན་གཞོན་ཤེས་ཡོན་ཐོག་གཟེངས་སུ་ཐོན་པ་དང་། སྤྱི་ཚོགས་ཞབས་ཞུའི་ཐོག་གཟེངས་སུ་ཐོན་པ། དེ་བཞིན། ཤེས་འཇོན་ལྷག་བསམ་ལྡན་པའི་ན་གཞོན་ཞིག་ལ་གཟེངས་རྟགས་ཕུལ་བ་བརྒྱུད། གཟེངས་སུ་ཐོན་པའི་ན་གཞོན་ཚོར་ང་ཚོའི་སྤྱི་ཚོགས་ནང་ཆེ་མཐོང་དང་ངོས་འཛིན་འཐོབ་རྒྱུ་མ་ཟད། ན་གཞོན་མང་པོ་ཞིག་ལ་སེམས་ཤུགས་དང་བཟང་ཕྱོགས་ཀྱི་མིག་དཔེའང་ཐེབས་པའི་དམིགས་ཡུལ་བཟུང་ཡོད། ཅེས་བརྗོད་སོང་།

མཐའ་མ་དེར། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་ལྡི་ལིའི་ས་གནས་ཚོགས་གཙོ་ཞི་བདེ་ཟླ་བ་ལགས་ཀྱིས། འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་བོད་རིགས་སློབ་ཕྲུག་ནང་ཁུལ་གྱི་མཛའ་འབྲེལ་རིག་རྩལ་འགྲན་ཚོགས་ཆེན་མོ་སྐོར་ལ་འགྲེལ་བརྗོད་བྱེད་དོན། འདི་ལོའི་རིག་རྩལ་འགྲན་ཚོགས་ཆེན་མོ་དེ་ལྡི་ལིའི་བོད་ཁྱིམ་སྡོད་ཁང་དུ་ཚོགས་གཏན་འཁེལ་ཡོད་པ་དང་། རིག་རྩལ་འགྲན་ཚོགས་ཆེན་མོ་དེར་དམིགས་ཡུལ་གསུམ་ཡོད་པའི་ནང་། དང་པོ་བོད་རིགས་གཞོན་སྐྱེས་ནང་ཁུལ་དུ་འཆམ་མཐུན་གྱི་འདུ་ཤེས་བསྐྲུན་ཐབས་དང་། གཉིས་པ་སློབ་ཕྲུག་སྒེར་གྱི་རིག་རྩལ་དང་སྒྱུ་རྩལ་གོང་འཕེལ་གཏོང་སའི་སྡིངས་ཆ་ཞིག་བསྐྲུན་ཐབས། གསུམ་པ་མི་རབས་གསར་པའི་ཐུན་མོང་མ་ཡིན་པའི་མགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་བྱ་རྒྱུ་བཅས་ཡིན་སྐོར་བསྒྲགས་སོང་།

ན་གཞོན་གཟེངས་རྟགས་ཐོབ་རྒྱུར་གཤམ་གསལ་གྱི་ཆ་རྐྱེན་དག་ངེས་པར་དུ་ཚང་དགོས་འདུག
༡༽  རང་བཙན་ལག་དེབ་ཡོད་པའི་བོད་ཀྱི་ཡུལ་མི་ཞིག་ཡིན་དགོས།
༢༽  རང་ལོ་ ༡༨ ནས ༣༥ བར་ཡིན་དགོས།
༣༽  ཤེས་ཡོན་གྱི་ཆུད་ཚད་ལེགས་པ།
༤༽  སྤྱི་ཚོགས་ཐོག་བཟང་ཕྱོགས་ཀྱིས་ངོས་འཛིན་ཡོད་པའི་བྱས་རྗེས་འཇོག་མཁན་ཞིག་ཡིན་དགོས།

འདེམ་གསེས་བྱེད་སྟངས་ཀྱི་རིམ་པ།

༡༽  ངོས་འཛིན་ཡོད་པའི་སློབ་ཕྲུག་ཚོགས་པ་ཁག་གི་ངོས་ནས་མ་མཐའི་ཆ་རྐྱེན་ཁག་ཚང་བའི་འོས་མི་གཉིས་རེ་མཚམས་སྦྱོར་གནང་རྒྱུ།
༢༽  སློབ་ཕྲུག་ཚོགས་པ་ཁག་གི་མཚམས་སྦྱོར་གནང་བའི་འོས་མི་རྣམས་ནས་མཚམས་སྦྱོར་མང་ཤོས་ཐོབ་མཁན་གྱི་མི་ལྔ་རྟིང་རྩོད་དུ་གདམ་རྒྱུ།
༣༽  རྟིང་རྩོད་དུ་འདེམ་ཐོན་བྱུང་བའི་མི་སྣ་ལྔ་པོའི་ལོ་རྒྱུས་དང་བཅས་པ་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྤེལ་ཏེ་མང་ཚོགས་ལ་འོས་ཤོག་འཕེན་རྒྱུའི་གོ་སྐབས་སྤྲོད་རྒྱུ།
༤༽  ཡིད་ཆེས་བློས་བཀལ་ཐུབ་པའི་ཚོགས་མི་ལྔ་ཡིས་གྲུབ་པའི་དམིགས་བསལ་འདེམས་སྒྲུག་ཚོགས་ཆུང་ཞིག་བཙུགས་ཏེ་དེ་དག་གིས་ཀྱང་རྟིང་རྩོད་དུ་ཚུད་པ་དག་ལ་འོས་ཤོག་འཕེན་རྒྱུ་བཅས་ཡིན་འདུག

ན་གཞོན་གཟེངས་རྟགས་ནི། ཤེས་འཇོན་གཉིས་དང་ལྡན་ཞིང་སྤྱི་ཚོགས་ཁྲོད་དུ་བཟང་ཕྱོགས་ཀྱི་ ངོས་འཛིན་ཡོད་པའི་བོད་ཀྱི་ན་གཞོན་ཞིག་ལ་འབུལ་རྒྱུའི་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཡིན་འདུག