20
Tue, Aug

༢༠༡༩ལོའི་ཟླ་༦་ཚེས་༦་ཉིན། ཤེས་རིག་བརྡ་ཆད་ཚན་པས་བཀོལ་སྤྱོད་མཉེན་ཆས་གསར་པ་དབུ་འབྱེད་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་ ༦ཚེས་༦ཉིན། བཞུགས་སྒར་རྡ་ས་གངས་སྐྱིད་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཤེས་རིག་བརྡ་ཆད་ཚན་པའི་གོ་སྒྲིག་དང་ཌེན་མཱརྐ་གཞུང་གི་ཌ་ནི་ཌ་( DANIDA) རོགས་ཚོགས་ཀྱི་མཐུན་འགྱུར་འོག ཤེས་རིག་བརྡ་ཆད་ཚན་པས་བརྡ་ཆད་རྣམས་ལག་ཐོག་ཁ་པར་ཐོག་འཚོལ་ཐུབ་པའི་ཆེད་བཀོལ་སྤྱོད་མཉེན་ཆས་བོད་ཀྱི་ཐ་སྙད་(TibTerm)ཅེས་པ་ཞིག་དང་། བརྡ་ཆད་དེབ་ཕྲེང་བཅུ་གཉིས་ཀྱི་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་སོང་།

དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་དང་། དྲུང་འཕར་འཇིགས་མེད་རྣམ་རྒྱལ་ལགས། ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཕེབས་འདུག ཐོག་མར་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ངོ་སྤྲོད་གནང་བའི་ནང་། བརྡ་ཆད་ཚན་པས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་མང་ཚོགས་ལ་ཐ་སྙད་ཐོག་གོ་རྟོགས་ཇི་ལྟར་སྤེལ་ཐུབ་པ་བྱུང་ཡོད་མེད་དང་། ཟླ་༦་པའི་ནང་ཡང་རྒྱ་གར་ལྷོ་ཕྱོགས་སུ་བོད་མིའི་སློབ་གྲྭ་ཁག་དང་མང་ཚོགས་ལ་གོ་རྟོགས་སྤེལ་འཆར་ཡོད་པ་གསུངས་སོང་།

དེ་ནས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་བརྡ་ཆད་དེབ་ཕྲེང་བཅུ་གཉིས་དབུ་འབྱེད་གནང་ཚར་རྗེས་གསུང་དོན། བོད་མི་ཐུན་མིན་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོང་སླད་ཤེས་རིག་བརྡ་ཆད་ཚན་པ་གསར་བཙུགས་གནང་བ་རེད། ཤེས་རིག་བརྡ་ཆད་ཚན་པས་ད་བར་བརྡ་ཆད་དེབ་ཕྲེང་བཅུ་གཉིས་གཏན་འབེབས་གནང་ཟིན་ཡོད་པ་རྣམས་མང་ཚོགས་ཁྲོད་དེ་དག་བེད་སྤྱོད་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་མ་བྱས་ཚེ། ཤེས་རིག་ལས་ཁུངས་ནས་གཏན་འབེབས་གནང་ཟིན་པ་རྣམས་ཕན་མེད་དུ་འགྱུར་གྱི་རེད། ཐ་སྙད་གཏན་འབེབས་འདི་བཞིན་གཅིག་གྱུར་གྱི་ལམ་ནས་བདེ་སྤྱོད་གཏོང་དགོས། ཞེས་སོགས་གསུངས་སོང་།

དེ་རྗེས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་བཀོལ་སྤྱོད་མཉེན་ཆས་བོད་ཀྱི་ཐ་སྙད་(TibTerm) ཅེས་པ་དབུ་འབྱེད་གནང་རྗེས་གསུང་དོན། རྒྱལ་ཁབ་གཞན་དང་མི་འདྲ་བར་ང་ཚོའི་བོད་ཀྱི་ཐུན་མིན་སྐད་ཡིག་ལ་སྐད་གདངས་དང་འབྲི་གཟུགས་ཡོད་པར་བརྟེན་སྐད་ཡིག་འདི་བཞིན་ཕྱུག་པོ་ཞིག་ཡིན། སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན། སྐད་ཡིག་མེད་པ་ཡིན་ན་རིག་གཞུང་རྒྱུན་འཛིན་བྱེད་མི་ཐུབ། བོད་ཀྱི་ཐུན་མིན་སྐད་ཡིག་རྣམས་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་ང་ཚོའི་ལས་འགན་ཡིན། སློབ་ཕྲུག་རྣམས་ནས་རང་གི་སྐད་ཡིག་ལ་རྩ་ཆེན་པོ་བརྩི་ས་པའི་ཐོག་ནས་བསྐྱོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། བོད་སྐད་བསྐྱོན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཉིན་རེ་བཞིན་སྐད་ཡིག་ཉམས་རྒུད་འགྲོ་རྒྱུ་གཙོ་བོ་ནི། བོད་མི་གཞོན་སྐྱེས་རྣམས་ནས་རང་གི་སྐད་ཡིག་བེད་སྤྱོད་མ་བྱས་པའི་དབང་གི་ཆགས་ཡོད། བོད་ཀྱི་སྐད་ཡིག་མུ་མཐུད་གནས་ཆེད་དེ་སྔོན་མི་རབས་རྒན་པ་རྣམས་ནས་བདག་གཅེས་སྲུང་སྐྱོབ་བྱེད་ཐུབ་པ་ལྟར། ད་ཆ་མི་རབས་གཞོན་པ་རྣམས་ནས་ཀྱང་མུ་མཐུད་སྐུ་ལས་བསྐྱོན་དགོས། ཕ་མས་སོ་སོའི་བུ་ཕྲུག་རྣམས་ལ་བོད་མིའི་ཐུན་མིན་སྐད་ཡིག་གལ་ཆེན་པོ་ཡིན་སྐོར་སློབ་གསོ་དང་ཕྲུ་གུ་རྣམས་ཁྱིམ་དུ་ཡོད་པའི་སྐབས་ངེས་པར་བོད་སྐད་བསྐྱོན་དགོས། སོ་སོའི་ཕ་སྐད་ཐོག་ཤུགས་བསྐྱོན་དགོས་སོགས་གསུངས་སོང་།

གསལ་བསྒྲགས་ཀྱི་ས་མིག